今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་སྟེང་གི་གསུངས་བཤད་གལ་ཆེན།

           ཟླ5བའི་ཚེས18ཉིན་ནས་ཚེས19ཉིན་གྱི་བར།རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད།
      ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་ཡོད་ཀྱི་གསུང་བཤད་གལ་ཆེན་གནང་།ཁོང་གིས་རང་རྟོགས་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་གཅིག་གྱུར་འཆར་འགོད་དང་།ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྡུད་ངང་དོན་ཆེན་སྒྲུབ་པའི་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱ་དགོས་ལ།སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ40རིང་བསགས་པའི་དངོས་པོའི་རྨང་གཞི་བརྟན་པོ་གང་ལེགས་སྤྱོད་པ།ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་པ།སེམས་ཐག་གཙང་བཅད་ཀྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ཏེ་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།
      ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚོགས་འདུའི་ཐོག་གསུང་་བཤད་གནང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་དང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་སྒྲིག་ཨུའི་ཧྲུའུ་ཅི་ཀྲའོ་ལེ་ཅི་བཅས་ཚོགས་འདུར་ཞུགས།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་ཕྱོགས་སྡོམ་གྱི་གསུང་བཤད་གནང་།
ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ནན་གྱིས་བསྟན་པར།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ནམ་ཡང་རྒྱུན་ཆད་མེད་པར་འཕེལ་རྒྱས་ཡོང་རྒྱུ་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ཞིག་རེད།ཀྲུང་ཧྭ་མི་རིགས་ཀྱིས་སྔར་ནས་བཟུང་རང་བྱུང་ཁམས་ལ་བརྩི་འཇོག་དང་དགའ་ཞེན་བྱས་ནས་ལོ་ངོ 5000ལྷག་ཏུ་རྒྱུན་སྲིང་པའི་ཀྲུང་ཧྭའི་དཔལ་ཡོན་གྱིས་ཕུན་སུམ་ཚོགས་པའི་སྐྱེ་ཁམས་རིག་གནས་སྐྱེད་སྲིང་བྱས་ཡོད།སྐྱེ་ཁམས་དར་རྒྱས་བྱུང་ཚེ་དཔལ་ཡོན་དར་རྒྱས་ཡོང་བ་དང་།སྐྱེ་ཁམས་ཉམས་རྒུད་ཕྱིན་ཚེ་དཔལ་ཡོན་ཉམས་རྒུད་འགྲོ་སྲིད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་རྩ་བའི་རང་བཞིན་དང་། གསར་གཏོད་རང་བཞིན།ཡུན་རིང་རང་བཞིན་བཅས་ཀྱི་ལས་དོན་རབ་དང་རིམ་པ་སྤེལ་ནས་སྐྱེ་ཁམས་དཔལ་ཡོན་གྱི་རྩེ་རིམ་ཇུས་འགོད་དང་ལམ་ལུགས་མ་ལག་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་།ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལམ་ལུགས་བཙུགས་པ་དང་འབྲེལ་ལག་བསྟར་བྱས་པ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། རླུང་ཁམས་ཆེན་མོ་དང་ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་འགུལ་སྐྱོད་ཀྱི་འཆར་གཞི་ཆེན་པོ་གསུམ་ལག་བསྟར་གཏིང་ཟབ་བྱས་ཤིང་། 《ཀྲུང་གོས 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་གྱི་རྒྱལ་ཁབ་གཅིག་གི་ཇུས་གཞི》སྔོན་ལ་ཁྱབ་བསྒྲགས་དང་། 《གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་ཁབ་ཀྱི་འཆར་འགོད (2014ལོ་ནས2020ལོ་བར)》ལག་བསྟར་བཅས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ལོ་རྒྱུས་རང་བཞིན་དང་།ཁ་ཕྱོགས་འགྱུར་མཚམས་རང་བཞིན།སྤྱི་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།
      ཞི་ཅིན་ཕིང་གིས་གསུངས་རྒྱུར།སྤྱི་ཡོངས་ནས་བལྟས་ན་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ནས་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་མངོན་ཡོད་མོད།འོན་ཀྱང་ཕན་འབྲས་དེ་ཙམ་བརྟན་པོ་མེད།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དེ་གནོན་ཤུགས་ཉིས་བརྩེགས་དང་ཁུར་ལྕི་མདུན་སྐྱོད་ཀྱི་འགག་རྩའི་དུས་སུ་སླེབས་པ་དང་སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱས་ནས་མི་དམངས་ཀྱི་ཉིན་རེ་བཞིན་ཇེ་མཐོར་འགྲོ་བའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་བའི་འགག་སྒྲོལ་དུས་སྐབས་སུ་སླེབས་པ་མ་ཟད་སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་ཆ་རྐྱེན་དང་ནུས་པ་ལྡན་པའི་སྐར་ཁུང་གི་དུས་སྐབས་སུ་སླེབས་ཡོད།རང་རྒྱལ་གྱི་དཔལ་འབྱོར་མགྱོགས་མྱུར་འཕར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བའི་དུས་མཚམས་སུ་འགྱུར་ཡོད་པས་རྒྱུན་སྲོལ་རང་བཞིན་དང་རྒྱུན་སྲོལ་རང་བཞིན་མིན་པའི་འགག་སྒོ་ཁག་ཅིག་སྒྲོལ་དགོས།ང་ཚོས་ངེས་པར་དུ་ཨམ་གཙིགས་བསྡམས་ནས་དཀའ་གནད་དེ་ལས་འགྲོལ་ཐུབ་པ་བྱ་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་གསུངས་པར།སྐྱེ་ཁམས་ཁོར་ཡུག་ནི་ཏང་གི་འགན་འཁྲི་དང་དམིགས་ཡུལ་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་ལ།དམངས་འཚོ་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་ཡིན་པས།རྒྱ་ཆེའི་མི་དམངས་མང་ཚོགས་ཚང་མས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མགྱོགས་པོར་ཇེ་ལེགས་སུ་འགྲོ་རྒྱུའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།ང་ཚོས་མི་དམངས་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་།རེ་སྒུག་བྱེད་ས།སེམས་ཁྲལ་བྱེད་ས་བཅས་ལ་ཧུར་ཐག་བྱེད་པ་དང་བསྟུན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་དེ་བས་ལེགས་པའི་སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་རྫས་མཁོ་འདོན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཇེ་མཐོར་འགྲོ་བའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས།
      ཞི་ཅིན་ཕིང་གིས་གསུངས་རྒྱུར།དུས་རབས་གསར་བར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་གཤམ་གསལ་གྱི་རྩ་དོན་ཁག་མཐའ་འཁྱོངས་ཡག་པོ་བྱ་དགོས་པ་སྟེ།གཅིག་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་གྲོན་ཆུང་བསྲི་ཚགས་སྔོན་ལ་འཇོག་པ་དང་།སྲུང་སྐྱོང་སྔོན་ལ་འཇོག་པ།རང་བྱུང་སླར་གསོ་བཅས་གཙོ་བོར་བྱེད་པའི་མཛད་ཕྱོགས་མཐའ་འཁྱོངས་བྱས་ནས་མིག་འབྲས་ལ་སྲུང་སྐྱོང་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱས་ཏེ་རང་བྱུང་སྐྱེ་ཁམས་ཀྱི་མཛེས་སྡུག་རྣམ་པ་མི་ཡུལ་དུ་ནམ་ཡང་གནས་པ་བྱས་ནས་དབེན་འཇམ་དང་། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་རང་བྱུང་ཁམས་སླར་གསོ་བྱ་དགོས།  གཉིས་ནི་སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པས་གསར་གཏོད་དང་། མཐུན་སྦྱོར།  ལྗང་མདོག སྒོ་འབྱེད།མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱས་ཏེ་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་བར་མཐོངས་ཀྱི་རྣམ་པ་དང་། ཐོན་ལས་ཀྱི་གྲུབ་ཆ།  ཐོན་སྐྱེད་ཀྱི་བྱེད་ཐབས།  འཚོ་བ་སྐྱེལ་སྟངས་བཅས་མགྱོགས་མྱུར་ཆགས་པ་བྱས་ཏེ་རང་བྱུང་ཁམས་ཀྱི་སྐྱེ་ཁམས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་བའི་དུས་ཚོད་དང་བར་མཐོངས་བསྐྲུན་དགོས། གསུམ་ནི་སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཚང་མར་ཕན་པའི་དམངས་འཚོའི་བདེ་རྩ་ཞིག་ཡིན་པ་དང་སྐྱེ་ཁམས་དམངས་ཕན་དང་།སྐྱེ་ཁམས་དམངས་ཆེད་བཅས་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི་བདེ་ཐང་ལ་གནོད་པའི་མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་གཙོ་གནད་ཐག་གཅོད་བྱས་ཏེ་མི་དམངས་ཀྱི་ཉིན་རེ་བཞིན་ཇེ་མཐོར་འགྲོ་བའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས། བཞི་ནི་རི་ཆུ་ནགས་ཞིང་དང་མཚོ་རྩྭ་ཐང་བཅས་ནི་ཚེ་སྲོག་གི་གཅིག་མཐུན་འདུས་གྲུབ་ཡིན་པས་སྤྱི་འདོམས་ལྟ་རྟོགས་དང་།ཁྱོན་ཡོངས་ནས་ཐབས་ཇུས་འདོན་པ།ཐབས་མང་མཉམ་སྤྱོད་བཅས་བྱས་ཏེ་ཕྱོགས་ཡོངས་དང་།ས་ཁོངས་ཧྲིལ་པོ།བརྒྱུད་རིམ་ཧྲིལ་པོ་བཅས་སུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་དགོས།  ལྔ་ནི་དེ་བས་ནན་པའི་ལམ་ལུགས་དང་དེ་བས་ཚགས་ཚུད་པའི་ཁྲིམས་སྐྱོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་ལམ་ལུགས་གསར་གཏོད་མགྱོགས་སུ་གཏོང་བ་དང་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་ལམ་ལུགས་དེ་བཙན་ཞིང་ནན་པའི་གཅུན་འདོམས་དང་རེག་མི་ཐུབ་པའི་གློག་ཆེན་དུ་འགྱུར་དགོས།དྲུག་ནི་གོ་ལ་ཧྲིལ་པོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་བྱ་བ་མཉམ་དུ་དོན་གཉེར་བྱས་ཏེ་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ལ་ཞུགས་ནས་འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐག་གཅོད་ཇུས་གཞི་ཆགས་པ་བྱས་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་སྤྱིའི་མཉམ་ལས་ལ་ཁྲིད་སྟོན་བྱ་དགོས། ཞི་ཅིན་ཕིང་གིས་ནན་གྱིས་གསུངས་བར།སྐྱེ་ཁམས་དཔལ་ཡོན་མ་ལག་མགྱོགས་མྱུར་དུ་བསྐྲུན་ནས་སྐྱེ་ཁམས་ཀྱི་རིན་ཐང་ལྟ་བ་ཚད་གཞིར་འཛིན་པའི་སྐྱེ་ཁམས་རིག་གནས་མ་ལག་དང་།ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་གཙོ་བོར་འཛིན་པའི་སྐྱེ་ཁམས་དཔལ་འབྱོར་མ་ལགསྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་རྒྱུ་སྲོག་ཤིང་དུ་བྱེད་པའི་དམིགས་ཚད་འགན་འཁྲིའི་མ་ལགབཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུ་འགན་ལེན་དུ་བྱེད་པའི་སྐྱེ་ཁམས་ཤེས་དཔལ་ལམ་ལུགས་མ་ལགསྐྱེ་ཁམས་མ་ལག་གི་འཁོར་རྒྱུག་བཟང་པོ་དང་ཁོར་ཡུག་ཉེན་ཁ་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱ་རྒྱུ་གཙོ་གནད་དུ་འཛིན་པའི་སྐྱེ་ཁམས་བདེ་འཇགས་མ་ལག་བཅས་མགྱོགས་མྱུར་དུ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།སྐྱེ་ཁམས་དཔལ་ཡོན་མ་ལག་མགྱོགས་མྱུར་དུ་བསྐྲུན་ནས2035ལོར་བསླེབ་སྐབས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྩ་བའི་ཆ་ནས་ལེགས་སུ་འགྲོ་ཐུབ་པ་དང་མཛེས་སྡུག་ལྡན་པའི་ཀྲུང་གོའི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་པའི་འགན་ལེན་བྱ་དགོས།   དུས་རབས་འདིའི་དུས་དཀྱིལ་དུ་བསླེབ་སྐབས་དངོས་པོའི་དཔལ་ཡོན་དང་།ཆབ་སྲིད་ཀྱི་དཔལ་ཡོན།བསམ་པའི་དཔལ་ཡོན།སྤྱི་ཚོགས་ཀྱི་དཔལ་ཡོན།སྐྱེ་ཁམས་དཔལ་ཡོན་བཅས་ཀྱི་རྣམ་པ་ཕྱོགས་ཡོངས་ནས་མཐོར་འདེགས་བྱས་ཏེ་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཁྱོན་ཡོངས་ནས་ཆགས་པར་བྱེད་པ་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་པ་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་དགོས།
    ཞི་ཅིན་ཕིང་གིས་གསུངས་རྒྱུར། ལྗང་མདོག་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ལྗང་མདོག་འཕེལ་རྒྱས་ནི་སྤུས་ཚད་མཐོ་བའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་སྦགས་བཙོག་གི་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ཇུས་ཤིག་རེད།གཙོ་གནད་ནི་དཔལ་འབྱོར་གྲུབ་ཆ་དང་ནུས་ཁུངས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ་དང་རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་ཁྱབ་ཚུལ་བཟང་སྒྲིགས་ཁོངས་དང་འབབ་རྒྱུད་ཀྱི་ཐོན་ལས་བཀོད་པ་ལེགས་སྒྲིགནུས་ཁུངས་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་དང་།ཐོན་སྐྱེད་ཐོན་ལས་གཙང་མ།ནུས་ཁུངས་གཙང་མའི་ཐོན་ལས་བཅས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ།ཐོན་ཁུངས་ཕྱོགས་ཡོངས་ནས་གྲོན་ཆུང་དང་འཁོར་རྒྱུག་བེད་སྤྱོད་ལ་སྐུལ་འདེད་གཏོང་བ།ཐོན་སྐྱེད་མ་ལག་དང་འཚོ་བའི་མ་ལག་འཁོར་རྒྱུག་སྦྲེལ་མཐུད་ཐུབ་པ།སྟབས་བདེ་འོས་འཚམ་དང་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་བཅས་བྱས་ཏེ་རྒྱས་སྤྲོས་ཆུད་ཟོས་དང་ལུགས་དང་མི་མཐུན་པའི་འཛད་སྤྱོད་ལ་ངོ་རྒོལ་བྱ་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར།མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་དམངས་འཚོའི་སྔོན་འགྲོའི་ཁྱབ་ཁོངས་སུ་འཇོག་དགོས།དགུང་སྔོན་སྲུང་སྐྱོང་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེ་ཡིན་པས་མཁའ་རླུང་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་གཏོང་རྒྱུ་དེ་བཙན་ཞིང་ནན་པའི་བླང་བྱར་བརྩིས་ཏེ་མཉམ་འགོག་དང་མཉམ་དུ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་སྦགས་བཙོག་ཚབས་ཆེན་གྱི་གནམ་གཤིས་གཞི་རྩའི་ཆ་ནས་མི་ཡོང་བ་བྱས་ཏེ་མི་སེར་ལ་ཉིན་མོ་དགུང་སྔོན་དང་སྤྲིན་དཀར་དང་མཚན་མོ་སྐར་ཚོགས་ཁྲ་ཆིལ་ཆིལ་མཐོང་རྒྱུ་ཡོད་པ་བྱ་དགོས།ཆུའི་སྦགས་བཙོག་འགོག་བཅོས་ཀྱི་བྱེད་སྒོ་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ནས་འཐུང་ཆུའི་བདེ་འཇགས་འགན་ལེན་དང་གྲོང་ཁྱེར་གྱི་དྲི་ངན་བཙོག་ཆུ་གཞི་རྩའི་ཆ་ནས་མི་ཐོན་པ་བྱས་ཏེ་མི་སེར་ལ་ཆུ་མོ་དྭངས་ཤིང་གཙང་བ་དང་ཉ་མོ་ཅི་དགར་རོལ་བའི་མཛེས་ལྗོངས་ཀྱི་རྣམ་པ་ཞིག་བསྐྲུན་དགོས།ས་རྒྱུའི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་གཙོ་གནད་ས་ཁོངས་དང་།ལས་རིགས།བཙོག་དངོས་བཅས་ལ་གཞིགས་ནས་ས་རྒྱུའི་སྦགས་བཙོག་དོ་དམ་ཚོད་འཛིན་དང་སླར་གསོ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཉེན་ཁ་སྔོན་འགོག་བྱས་ཏེ་མི་སེར་ལ་བློ་བདེའི་ཟས་བཟའ་རྒྱུ་ཡོད་པ་དང་བདེ་འཇགས་ཀྱི་སྡོད་གནས་ཡོད་པ་བྱ་དགོས།གྲོང་གསེབ་ཀྱི་མིའི་འཚོ་གནས་ཁོར་ཡུག་བཅོས་སྒྲིག་བྱ་འགུལ་རྒྱུན་མཐུད་ངང་སྤེལ་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་ཏེ་མི་སེར་གྱིས་འདབ་ཆགས་ཀྱི་སྐད་སྙན་ཐོས་རྒྱུ་ཡོད་པ་དང་དྲི་ཞིམ་མེ་ཏོག་དང་ཞིང་ནང་གི་མཛེས་ལྗོངས་ལོངས་སུ་སྤྱོད་ཐུབ་པ་བྱ་དགོས།
      ཞི་ཅིན་ཕིང་གིས་གསུངས་རྒྱུར།  སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁར་དོགས་ཟོན་ནུས་ལྡན་བྱ་དགོས།  སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད་ལ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་འགྲོ་བའི་འགན་ལེན་གལ་ཆེན་ཞིག་ཀྱང་རེད།སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་དེ་རྒྱུན་རྣམ་ཅན་གྱི་དོ་དམ་ནང་བཅུག་ནས་ཕྲ་ཞིང་ཞིབ་པའི་ངང་བརྒྱུད་རིམ་ཧྲིལ་པོ་དང་རིམ་པ་མང་བའི་སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁའི་དོགས་ཟོན་མ་ལག་བསྐྲུན་དགོས།སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་སྒྱུར་བཅོས་ལ་མགྱོགས་མྱུར་དུ་སྐུལ་འདེད་བཏང་སྟེ་བཏོན་ཟིན་པའི་སྒྱུར་བཅོས་བྱེད་ཐབས་དམིགས་སར་འཁྱོལ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་དུས་ཐོག་ཏུ་སྒྱུར་བཅོས་ཀྱི་ཇུས་གཞི་གསར་པ་བཟོ་དགོས།
      ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར།  ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས།  ཁྲོམ་ར་ཅན་གྱི་བྱེད་ཐབས་གང་ལེགས་སྤྱད་དེ་ཐོན་ཁུངས་ཁོར་ཡུག་གི་རིན་ཐང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་།  བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་ཀྱི་ལས་གཞི་ལ་རྒྱབ་སྐྱོར།  གཙོ་གནད་ལས་གཞིའི་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་གལ་ཆེན་ལ་ཐབས་ཇུས་རང་བཞིན་གྱི་སྒོ་ནས་ཞིབ་འཇུག་བྱ་དགོས།གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ་དྲང་གཞག་ལུགས་མཐུན་དང་མཉམ་ལས་གཉིས་ཕན་གྱི་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་ཁྲིད་སྟོན་བྱས་ཏེ་འགན་ཁུར་བའི་རྒྱལ་ཁབ་ཆེན་པོའི་རང་རྒྱལ་གྱི་གཟུགས་བརྙན་མངོན་པར་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།
       ཞི་ཅིན་ཅིང་གིས་ནན་གྱིས་གསུངས་རྒྱུར།སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་དུས་ཚོད་ཛ་དྲག་པ་དང་།ལས་འགན་ལྕི་བ།དཀའ་ཚེགས་ཆེ་བ་བཅས་ཡོད་པས་དེ་ནི་དམག་འཐབ་ཆེན་མོ་ཞིག་དང་།དཀའ་གནད་ཀྱི་དམག་འཐབ་ཅིགདཀའ་ཚེགས་ཆེ་བའི་དམག་འཐབ་ཅིག་བཅས་ཡིན་པར་བརྟེན་ངེས་པར་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས།ས་གནས་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་བཏང་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་ནི་སྲིད་འཛིན་ས་ཁོངས་དེ་གའི་སྐྱེ་ཁམས་ ཁོར་ཡུག་སྲུང་སྐྱོང་གི་འགན་འཁུར་བ་ཨང་དང་པོ་ཡིན་པས་འབྲེལ་ཡོད་སྡེ་ཚན་ཁག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ཡག་པོ་བསྒྲུབས་ནས།སྡེ་ཚན་ཁག་གིས་ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་།ས་ཁོངས་སྲུང་བའི་འགན་འཁྲི་བསྒྲུབས་ཏེ་ལས་བགོས་མཐུན་སྦྱོར་གཞོགས་འདེགས་དང་མཉམ་དུ་ཤུགས་སྣོན་རྒྱག་དགོས།ཚན་རིག་དང་མཐུན་པའི་དཔྱད་ཞིབ་གདེང་འཇོག་མ་ལག་བཙུགས་ནས་དཔྱད་ཞིབ་འབྲས་བུ་དེ་རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་བྱ་དགའ་ཆད་གཅོད་དང་གནས་སྤར་བེད་སྤྱོད་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩི་དགོས།སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་མཁན་འགོ་ཁྲིད་ལས་བྱེད་པར་འགན་འཁྲི་བདའ་འདེད་གཏོང་བ་དང་།འགན་འཁྲི་བདའ་འདེད་གཏོང་ཕོད་པ།འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་བཅས་བྱས་ཏེ་ཚེ་གང་འགན་པོར་འཁྲི་བདའ་འདེད་གཏོང་རྒྱུ་ཡོད་པ་བཟོ་དགོས།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་ཁྲིམས་ནན་པའི་དཔུང་ཁག་ཅིག་བསྐྲུན་ནས་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་།འཇོན་ཐང་ཆེ་བ།སྤྱོད་ཚུལ་ལེགས་པ།འགན་འཁྲི་འཁུར་ཕོད་པ་བཅས་དང་སྡུག་བསྲན་ཁྱད་པར་ཐེག་པ་དང་།དམག་འཐབ་ཁྱད་པར་འཇོན་པ།ལེགས་སྐྱེས་ཁྱད་པར་འབུལ་བ་བཅས་བྱ་དགོས།རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དཔུང་ཁག་སྐྲུན་རྒྱུར་དོ་ཁུར་དང་རྒྱབ་སྐྱོར་བྱས་ནས་རང་འགུལ་ངང་བྱ་བ་སྒྲུབ་ཕོད་མཁན་དང་འཇོན་ཐང་ལྡན་པའི་ལས་བྱེད་པར་རྒྱབ་རྩ་དང་སྐུལ་ལྕག་བྱ་དགོས།
ལི་ཁེ་ཆང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་།  སྐྱེ་ཁམས་དཔལ་ཡོན་མ་ལག་སྐྲུན་རྒྱུར་ཤུགས་སྣོན་རྒྱག་པ།  ལམ་ལུགས་དང་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དམ་འཛིན་ནན་པོ་བཅས་བྱས་ཏེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་གསུངས།
      ཧན་ཀྲེང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ནན་ཏན་ངང་སློབ་སྦྱོང་དང་གོ་བ་བླངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟབ་ཏུ་ཏན་ཏིག་གཏོང་བ་དང་།སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ནས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐྱེ་ཁམས་སྔོན་དུ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་བར་སྐྱོད་དགོས།བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བྱ་བ་སྤེལ་ཤུགས་ཆེ་རུ་གཏོང་དགོས།ཐམས་ཅད་དོན་དངོས་ལ་བསྟུན་རྒྱུ་མཐའ་འཁྱོངས་བྱས་ནས་རྩ་ལག་མཉམ་བཅོས་དང་།རྩ་བཅོས་མངོན་གསལ།འགག་སྒྲོལ་དཀའ་སེལ་བཅས་བྱས་ནས་འཕྲལ་བདེ་འཕྲལ་ཕན་དང་ཕྱི་ཚུལ་གྱི་རྣམ་པ་གཏན་འགོག་བྱ་དགོས།དམིགས་ཚད་དམ་པོར་བཟུང་ནས་བྱ་བ་ཁག་ཏན་ཏིག་སྒྲུབ་པ་དང་བློ་བརྟན་འགྱུར་མེད་དང་གོ་རིམ་ལྡན་པའི་སྒོ་ནས་བྱ་བ་ལ་སྐུལ་འདེད་བཏང་སྟེ་དམིགས་ཚད་ལ་དམ་པོར་གཞིགས་ནས་གནད་དོན་ཐག་གཅོད་བྱ་དགོས་ཞེས་གསུངས།།
      (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འཕྲིན་ལྟར།)                            

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号