今天是:

གཞུང་ལུགས་ཞིབ་འཇུག

གཞན་གྱི་ཉམས་མྱོང་བསླབ་བྱ་དང་ལེན།

མདུན་ཤོག > གཞུང་ལུགས་ཞིབ་འཇུག > གཞན་གྱི་ཉམས་མྱོང་བསླབ་བྱ་དང་ལེན།

མཚོ་སྔོན་ཞིང་ཆེན་རྩེ་ཁོག་རྫོང་ཉིན་ཕྱུག་ཞང་སྦྲ་དཀར་སྡེ་བས་རང་སྡེ་བའི་ཁྱད་ཆོས་དང་འཚམ་པའི་འཕེལ་རྒྱས་ཀྱི་རྣམ་པར་བརྟེན་པ།

ཉིས་སྟོང་བཅུ་ལོའི་སྔོན་ལ། རྩེ་ཁོག་རྫོང་ཉིན་ཕྱུག་ཞང་སྦྲ་དཀར་སྡེ་བ་ནི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་སྟོང་གཉིས་དང་ལྔ་བརྒྱ་བཅུ་གཉིས་ཡིན་པའི་དཀའ་ངལ་ཤིན་ཏུ་ཆེ་བའི་དབུལ་ཕོངས་སྡེ་བ་ཞིག་རེད། རྩྭ་སའི་སྤང་ཤུན་རིམ་བཞིན་ཉམས་ཞན་དུ་གྱུར་བ་དང་། རང་བྱུང་རྩྭ་སའི་སྟེང་ཕྱུགས་འཚོ་ཚད་ཚད་ལས་བརྒལ་བ། ཕྱུགས་རྒྱུད་ཇེ་ངན་དུ་གྱུར་བ། ཕྱུགས་ལས་བདག་གཉེར་ཕན་འབྲས་ཇེ་དམའ་རུ་སོང་བ། ཐོན་སྐྱེད་ཆུང་བས་ཚོང་ར་ཆེན་པོའི་དགོས་མཁོ་སྐོང་ཐུབ་ཀྱིན་མེད་པའི་གནད་དོན་འབུར་ཐོན་ཡིན་པ་དང་། ཡོང་སྒོའི་གྲུབ་ཚུལ་སྣ་གཅིག་ཅན་ཡིན་པ་བཅས་ནི་སྡེ་བ་ཡོངས་ཀྱི་དངོས་ཡོད་གནས་ཚུལ་ཡིན། 

ཉིས་སྟོང་བཅུ་གཅིག་ལོའི་ལོ་མགོར། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་འཛུགས་སྐྲུན་ལ་ཡར་སྐུལ་བྱེད་པའི་གོ་སྐབས་བཟང་པོར་བརྟེན་ནས། སྐབས་དེའི་རུ་ཁག་གཉིས་པའི་འགོ་གཙོ་འོ་རྡོ་ཡིས་འབྲོག་ཁྱིམ་སོ་དྲུག་རྩ་འཛུགས་བྱས་ནས་མཉམ་ལས་ཁང་དུ་ཞུགས་ཏེ། སྦྲ་དཀར་སྡེ་བའི་རུ་ཁག་གཉིས་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། རུ་ཁག་གི་ཁོངས་མི་རྣམས་འཐད་པ་བྱུང་བ་བརྒྱུད་རྩྭ་ཐང་གི་ཁ་གསབ་མ་དངུལ་སྒོར་མོ་འབུམ་གཉིས་དང་ཁྲི་བདུན་སྟོང་བཞི་ལྷག་ཡོད་པ་དེ་དབྱར་རྩྭ་དགུན་འབུ་དང་ཕྱུགས་ལས་ཐོན་རྫས་ཉོ་འཚོང་བྱེད་པའི་ཐད་ལ་བཏང་སྟེ། ལོ་དེར་ཡོང་སྒོ་སྒོར་མོ་འབུམ་གཉིས་དང་ཁྲི་གཅིག་མངོན་འགྱུར་བྱུང་། 

ལོ་འགའི་རིང་ལ་ཕན་འབྲས་ལྡན་པའི་སྒོ་ནས་གསར་སྐྲུན་འཚོལ་ཞིབ་བྱས་པ་བརྒྱུད་དེ། སྦྲ་དཀར་སྡེ་བས་ཞིང་ཆེན་དང་། ཁུལ། རྫོང་ཞིང་ཕྱུགས་སྡེ་ཁག་གི་སྣེ་ཁྲིད་འོག་ལམ་ལུགས་བཙུགས་པ་དང་། ནུས་པ་ཅན་གྱི་མིས་སྣེ་ཁྲིད་དང་། དམངས་གཙོ་དོ་དམ་གཙོ་བོར་བཟུང་སྟེ། ལས་གཞིའི་རོགས་སྐྱོར་དང་། རྩལ་ནུས་གསོ་སྦྱོང་གི་རམ་འདེགས་ལ་བརྟེན་ནས། ཕྱོགས་ཡོངས་ནས་མ་རྐང་ལམ་ལུགས་བཅོས་སྒྱུར་བྱེད་པ་མངོན་འགྱུར་བྱས་ནས། རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཕེལ་རྒྱས་ཀྱི་དཔེ་སྟོན་དུ་གྱུར། 

ཉིས་སྟོང་བཅུ་དྲུག་ལོར། མཉམ་ལས་ཁང་དུ་ཞུགས་པའི་ཁྱིམ་ཚང་གིས་སྡེ་བ་ཡོངས་ཀྱི་སྤྱིའི་ཁྱིམ་གྲངས་ཀྱི་བརྒྱ་ཆའི་གོ་གསུམ་གྲངས་ཆུང་གཅིག་ཡིན་པ་དང་། རྩྭ་ས་ལེགས་སྒྲིག་བྱས་པའི་རྒྱ་ཁྱོན་སྤྱི་ཆིངས་ཐིག་དང་གྲངས་ཆུང་ལྔ་དགུ་ལ་སླེབས་པ་དང་། ཕྱུགས་ཟོག་སྟོང་བཞི་དང་དགུ་བརྒྱ་ལྷག་མ་རྐང་དུ་བཞག་པ་དང་། མ་རྐང་དུ་བཞག་པའི་སྒོར་མོ་བྱེ་བ་གཉིས་དང་ས་ཡ་གསུམ་འབུམ་བརྒྱད་ཁྲི་གཅིག་སྟོང་བདུན་ལྷག་རེད། ལོ་དེར་མཉམ་ལས་ཁང་གིས་ཡོང་སྒོ་སྒོར་མོ་ས་ཡ་དགུ་དང་འབུམ་བཞི་ཁྲི་བརྒྱད་ལྷག་བསྐྲུན་པ་དང་། དེ་ལོ་སྔོན་མའི་དུས་མཉམ་ལས་སྒོར་མོ་ས་ཡ་གཉིས་དང་འབུམ་བརྒྱད་ཁྲི་གཅིག་སྟོང་བདུན་ལྷག་འཕར་སྣོན་བྱུང་བ་དང་། མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་ཁྲི་གཅིག་དང་སྟོང་གཉིས་བཞི་བརྒྱ་ལྷག་རེད། 

མིག་སྔར། མཉམ་ལས་ཁང་དེ་ཚན་ཆུང་གསུམ་དུ་བགོས་ཡོད་པ་དང་། དེའི་ནང་ཕན་འབྲས་མཐོ་བའི་ནོར་གནག་གསོ་སྤེལ་དང་རྒྱུད་བཟང་སྐྱེ་འཕེལ་ཚན་ཆུང་གིས་མཉམ་ལས་ཁང་དུ་ཞུགས་པའི་རྩྭ་ས་དང་ནོར་གཡག་སྟོང་གསུམ་དང་དགུ་བརྒྱ་གྱ་བཞི་བོ་བཀོལ་ཏེ་ཕྱུགས་ལས་ཚན་ཆུང་ཉི་ཤུ་རུ་བགོས་ཏེ། ཁག་བགོས་ནས་རེས་སྐོར་གྱིས་ཕྱུགས་འཚོས་པས་ཕྱུགས་རྒྱུད་བཟང་གི་ཚད་དེ་བརྒྱ་ཆའི་བདུན་ཅུ་རུ་ཇེ་མཐོར་སོང་བ་དང་། ཕན་འབྲས་མཐོ་བའི་བོད་ལུག་གསོ་སྤེལ་དང་རྒྱུད་བཟང་སྐྱེ་འཕེལ་ཚན་ཆུང་གིས་དབྱར་ས་གླ་བ་ལ་བརྟེན་ནས་མ་མོ་དགུ་བརྒྱ་དང་ཉི་ཤུ་དེ་གསོ་སྤེལ་ཚན་ཆུང་བཞི་རུ་བགོས་ནས་འཚོ་སྐྱོང་བྱས་པ་དང་། དགུན་ཁར་གཟན་རྩྭ་སྟེར་བ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་ཕན་འབྲས་མཐོ་བའི་གསོ་སྤེལ་བྱས། ཐོན་ལས་འཕེལ་རྒྱས་དང་ཚོང་ལས་ཚོང་གཉེར་ཚན་ཆུང་གིས་གསོ་སྤེལ་ཚན་ཆུང་ཉི་ཤུའི་ངལ་རྩོལ་པ་ལྷག་མ་མི་ཉིས་བརྒྱ་དང་བཅུ་དགུ་བོར་ཡང་བསྐྱར་སློབ་གསོ་མྱོང་དུ་བཅུག་པ་དང་གསོ་སྦྱོང་བྱས་ཏེ། ཡང་བསྐྱར་རླངས་འཁོར་གླ་བ་དང་། ཕྱུགས་ལས་ཐོན་རྫས་ཉོ་འཚོང་བྱེད་པ། ཞོར་ལས་ལ་འགྲོ་བ་སོགས་ཀྱི་ལས་ཀ་བགོས།

མཉམ་ལས་ཁང་གི་ལས་འཛིན་དཔོན་པོ་འོ་རྡོ་ཡིས་བཤད་རྒྱུར། སྦྲ་དཀར་སྡེ་བའི་འཕེལ་རྒྱས་ཀྱི་ལམ་བུ་ནི་ཀྱག་ཀྱོག་ཡིན་རུང་། ང་ཚོས་མིག་མཐོང་ལག་ཟིན་གྱིས་མཐོང་ཐུབ་པ་ནི་རྩྭ་ས་སྔོ་ལྗང་དུ་གྱུར་བ་དང་། ཐོན་སྐྱེད་བདེ་བླག་ཡིན་པ། འབྲོག་པ་ཕྱུག་པོར་གྱུར་བ་དེ་ཡིན་ཟེར། 

སྦྲ་དཀར་སྡེ་བའི་ལག་ལེན་ལས་བདེན་དཔང་བྱེད་ཐུབ་པ་བྱུང་བ་ནི་རྩྭ་སའི་ཆེ་ཆུང་ལ་བརྟེན་ནས་ཕྱུགས་གཏན་འཁེལ་བྱས་ཏེ་མ་རྐང་ནང་འཇོག་པ་དང་། ཕྱུག་ཟོག་ཁྱུ་དང་ཁྱུ་བྱས་ནས་གཟན་རྩྭ་སྟེར་བ། རྩྭ་སའི་ཁག་བགོས་ནས་ཕྱུགས་འཚོ་བ། མི་སྣའི་ལས་བགོས་གསལ་བོ་བྱེད་པ། ཡོང་སྒོ་མ་རྐང་ནང་བཞག་པའི་མང་ཉུང་ལྟར་དང་ལས་ཀ་ལས་པའི་མང་ཉུང་ལྟར་གླ་ཆ་བགོ་བཞིན་ཡོད་པས། དེ་ནི་སྲོལ་རྒྱུན་གྱི་རྩྭ་སའི་ཕྱུགས་ལས་ཀྱི་རྣམ་པ་བསྒྱུར་བའི་ཐབས་ལམ་ཡག་པོ་ཞིག་རེད། 

ཞིང་ཆེན་རྩྭ་སའི་ལྟ་རྟོག་ས་ཚིགས་ནས་ཚད་མཇལ་བྱས་པ་ལྟར་ན། ཉིས་སྟོང་བཅོ་ལྔ་ལོར། སྦྲ་དཀར་སྡེ་བས་རྩྭ་ས་མུའུ་རེའི་སྟེང་གི་རྩྭའི་ཐོན་ཚད་དེ་ཉིས་སྟོང་བཅུ་ལོ་ལས་སྟོང་ཁེ་ཉེར་གཅིག་གྲངས་ཆུང་བཞི་ཇེ་མང་དུ་བཏང་བ་དང་། རྩྭ་སའི་ཕྱུགས་ཀྱི་ཐེག་ཚད་དེ་ལུག་རེར་སྤྱི་ཆིངས་ཐིག་དང་གྲངས་ཆུང་བདུན་གཉིས་ནས་སྤྱི་ཆིངས་ཐིག་དང་གྲངས་ཆུང་དགུ་གཉིས་ལ་སྙོམས་སྒྲིག་བྱས་པས། རྩྭ་སའི་སྐྱེ་ཁམས་ཀྱི་རྣམ་པ་དེ་བཟང་ཕྱོགས་སུ་འཕེལ་རྒྱས་སུ་སོང་། 

ཞིང་ཆེན་ཞིང་ཕྱུགས་ཐིན་སྤྱིའི་ཕྱུགས་ལས་དགེ་རྒན་བང་ཧོས་ལིན་གྱིས་སྤྱི་བསྡོམས་བྱས་ནས་བཤད་རྒྱུར། སྦྲ་དཀར་སྡེ་བའི་འཕེལ་རྒྱས་རྣམ་པའི་རིན་ཐང་དེས་ཆེས་མཐོ་བའི་ཐོན་ཁུངས་ལེགས་སྒྲིག་རྨང་གཞི་བྱེད་པ་གསར་གཏོད་བྱས་པ་དང་། ཁག་བགོས་ནས་ཕྱུགས་འཚོ་སྐྱོང་བྱེད་པ་དེས་མཉམ་ལས་ཁང་གི་སྣ་མང་ཅན་གྱི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བར་མ་ཟད། ངལ་རྩོལ་པ་ལྷག་མའི་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཀྱི་ལམ་ཕྱོགས་ཤིག་བཅིངས་འགྲོལ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་གཉིས་མཉམ་དུ་འཛིན་པའི་རྣམ་པ་ཞིག་མངོན་འགྱུར་བྱས། 

འོ་རྡོ་ཡིས་བཤད་རྒྱུར། ད་ལྟ་ང་ཚོ་མཉམ་ལས་ཁང་དང་འབྲོག་པ་རྣམས་ཀྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་ཚན་རིག་དང་མཐུན་པ་ཤེས་རྟོགས་བྱུང་བ་དང་། སྦྲ་དཀར་སྡེ་བའི་འཕེལ་རྒྱས་རྣམ་པའི་ནང་དོན་དེ་སྦྲ་དཀར་སྡེ་བའི་མཉམ་ལས་ཁང་རང་ཉིད་ལས་བརྒལ་འདུག་ཟེར། 

སྦྲ་དཀར་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་སྦྲ་དཀར་རྣམ་པའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་གཏོད་བྱས་ཀྱང་། མཉམ་ལས་ཁང་ནང་དུ་ད་དུང་དོན་དག་མང་པོ་ཞིག་ང་ཚོས་སྒྲུབ་པ་མི་བཟང་བ་དང་། ཆེད་ལས་ཅན་མིན་པས། སེམས་གཏིང་གི་སྦྲ་དཀར་སྡེ་བའི་འཕེལ་རྒྱས་ཀྱི་རྣམ་པ་དང་བར་ཐག་ངེས་ཅན་ཞིག་ཡོད་ཟེར། 

འོ་རྡོ་ཡིས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱས་པ་བརྒྱུད། མཉམ་ལས་ཁང་གི་མི་རྣམས་ལ་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་དེ་ཕྱུགས་ལས་ཁུལ་དང་། ཞིང་ལས་ཁུལ་གྱི་འབྲོག་པ་རྣམས་ལ་མཚོན་ན་བཅོས་སྒྱུར་གཏིང་ཟབ་མོ་ཞིག་ཡིན་པའི་ངེས་ཤེས་སྐྱེས་སུ་བཅུག་ཡོད་པས། ཁོ་ཚོས་སེམས་གཏིང་ནས་དེ་ལ་སྲུང་སྐྱོབ་བྱེད་མགོ་བརྩམས་ཡོད། བོད་ཁུལ་གྱི་ཕྱུགས་ལས་འཕེལ་རྒྱས་རྣམ་པ་རྩ་བ་ནས་བསྒྱུར་དགོས་ན། ངེས་པར་དུ་ཐོན་སྐྱེད་ཀྱི་རྣམ་པ་གསུམ་ལས་མཉམ་རྒྱལ་བྱེད་པ་མངོན་འགྱུར་བྱུང་དགོས་པ་དང་། དེ་ལྟར་བྱས་ན་ད་གཟོད་སྦྲ་དཀར་སྡེ་བའི་འཕེལ་རྒྱས་ཀྱི་རྣམ་པ་ངོ་མ་ཞིག་ཡོང་ཐུབ་པར་འདོད་ཡོད།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号