今天是:

གཞུང་ལུགས་ཞིབ་འཇུག

གཞུང་ལུགས་བརྩམས་ཆོས།

མདུན་ཤོག > གཞུང་ལུགས་ཞིབ་འཇུག > གཞུང་ལུགས་བརྩམས་ཆོས།

སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་འགྱུར་ལྡོག་བྱུང་བའི་རྒྱབ་ལྗོངས།

ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དེ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་སྙོམས་པོ་མེད་པ་དང་ཆ་ཚང་པོ་མེད་པའི་འཕེལ་རྒྱས་དབར་གྱི་འགལ་བར་འགྱུར་ཡོད་ཅེས་བསྟན་ཞིང་། འཐུས་མི་དང་རིགས་གཅིག་མཁས་པ་ཁག་གཅིག་གིས་ཚན་རིག་དང་མཐུན་པའི་ཆོད་སྡོམ་དེར་ནང་དོན་ཕུན་སུམ་ཚོགས་པོ་ལྡན་ཡོད་ཅེས་བཤད།

1956ལོར་ཏང་གི་ཚོགས་ཆེན་བརྒྱད་པའི་སྙན་སྒྲོན་ནང་། རང་རྒྱལ་གྱི་རྒྱལ་ནང་གི་འགལ་ཟླ་གཙོ་བོ་ནི། མི་དམངས་ཀྱིས་སྔོན་ཐོན་གྱི་བཟོ་ལས་རྒྱལ་ཁབ་འཛུགས་པའི་བླང་བྱ་དང་རྗེས་སུ་ལུས་པའི་ཞིང་ལས་རྒྱལ་ཁབ་ཀྱི་དོན་དངོས་དབར་གྱི་འགལ་བ་དང་། མི་དམངས་ཀྱིས་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་མྱུར་པོ་ཡོང་བ་བྱེད་པའི་དགོས་མཁོ་དང་མིག་སྔའི་དཔལ་འབྱོར་དང་རིག་གནས་ཀྱིས་མི་དམངས་ཀྱི་དགོས་མཁོ་སྐོང་མི་ཐུབ་པའི་གནས་སྟངས་དབར་གྱི་འགལ་བ་དེ་ཡིན་ཞེས་བསྟན་ཡོད།

1981ལོར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག《རྒྱལ་ཁབ་དབུ་བརྙེས་ཚུན་གྱི་ཏང་གི་ལོ་རྒྱུས་གནད་དོན་འགའ་ཞིག་སྐོར་གྱི་གྲོས་ཆོད》ལ་གྲོས་འཆམ་བྱུང་བའི་ནང་། སྤྱི་ཚོགས་རིང་ལུགས་སྒྱུར་བཀོད་རྩ་བའི་ཆར་ལེགས་གྲུབ་ཟིན་རྗེས། རང་རྒྱལ་གྱིས་ཐག་གཅོད་བྱེད་དགོས་པའི་འགལ་ཟླ་གཙོ་བོ་ནི། ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་དང་རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད་དབར་གྱི་འགལ་བ་དེ་ཡིན་ཞེས་བསྟན་ཡོད།

ལོ36རྗེས་ཀྱི་ད་ཆ། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་སླར་ཡང་ཆོད་སྡོམ་གསར་པ་གལ་ཆེན་ཞིག་བྱས་ཡོད།

“དེས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་རྗེས་ཀྱི་ཁྱད་ཆོས་གསར་པ་དང་། འཕྲད་པའི་ལས་འགན་གསར་པ། འགྲན་སློང་གསར་པ་བཅས་མངོན་ཡོད”ཅེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགག་གསུམ་གཞུང་དོན་ཁང་གི་ཀྲུའུ་རེན་འཐུས་མི་ཉེ་ཝུའེ་གོས་དེ་ལྟར་བཤད་ཅིང་། ཁོང་གིས“དེ་སྔ་ང་ཚོས་ཐག་གཅོད་བྱེད་དགོས་པ་ནི་ཡོད་མེད་ཀྱི་གནད་དོན་རེད། ད་ཆ་ནི་ཡག་པོ་ཡིན་མིན་གྱི་གནད་དོན་ཐག་གཅོད་བྱེད་དགོས་པ་དེ་རེད”ཅེས་བཤད།

ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཀྲོའུ་ཐན་ཡུང་གིས་རང་རྒྱལ་བཟོ་སྐྲུན་རྒྱལ་ཁབ་ཆེ་མོར་གྱུར་ནས་བཟོ་སྐྲུན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་སུ་སྐྱོད་བཞིན་ཡོད་པས་ཐོན་སྐྱེད་ཀྱི་ནུས་པ་རྗེས་ལུས་ཐེབས་ཡོད་ཅེས་བཤད་ན་དོན་དངོས་དང་མི་འཚམ་པ་ཞིག་རེད། ཕྱོགས་གཞན་ཞིག་ནས་བཤད་ན། མི་དམངས་མང་ཚོགས་ལ་དོ་མི་སྙོམས་པ་དང་ཆ་མི་ཚང་བའི་གནད་དོན་འཕྲད་ཡོད། དོ་མི་སྙོམས་པ་གཙོ་བོ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་དོ་མི་སྙོམས་པ་དང་ས་ཁུལ་དབར་དོ་མི་སྙོམས་པ་དེ་ཡིན། སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་འགྲོ་བ་དེས་ང་ཚོར་གྲོང་མིའི་ཡོང་འབབ་ཀྱི་ཧེ་བག་རིམ་བཞིན་ཆུང་དུ་གཏོང་བ་དང་སྤྱི་ཚོགས་ཀྱི་ཞབས་ཞུ་དོ་སྙོམས་ཅན་མངོན་འགྱུར་དང་ལྷག་པར་དུ་ས་ཁུལ་དབར་མཐུན་སྦྱོར་ངང་མཉམ་དུ་འཕེལ་རྒྱས་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པའི་ངོས་འཛིན་བྱས།

རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དབྱང་ཧྲེང་ཆུན་གྱིས་ད་ལྟ་ནས2020ལོ་བར་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཤིག་ཡིན་པས། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་ལ་དམ་པོར་བཟུང་ནས་སྤྱི་འདོམས་ངང་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་དར་སྤེལ། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་སྲོལ་གཏོད་བཅས་ལ་སྐུལ་འདེད་བཏང་སྟེ། གཙོ་གནད་དམ་འཛིན་དང་། ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་འབུར་དུ་ཐོན་པ་དང་ལྷག་པར་དུ་ཉེན་ཁ་ཆེན་པོ་འགོག་སེལ་དང་། གནད་སྨིན་དབུལ་སྒྲོལ་བྱེད་པ། སྦགས་བཙོག་སྔོན་འགོག་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་ཞིག་རྒྱག་དགོས་ཞེས་བཤད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་བཤུས།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号