今天是:

གཞུང་ལུགས་ཞིབ་འཇུག

གཞུང་ལུགས་བརྩམས་ཆོས།

མདུན་ཤོག > གཞུང་ལུགས་ཞིབ་འཇུག > གཞུང་ལུགས་བརྩམས་ཆོས།

ཏང་གིས་ན་གཞོན་དོ་དམ་བྱེད་པའི་རྩ་དོན་གལ་ཆེན་རྒྱུན་འཁྱོངས་བྱ་དགོས།

གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ།


ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ96རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད། ཐོག་མཐའ་བར་གསུམ་དུ་དུས་བསྟུན་མདུན་སྐྱོད་དང་གསར་གཏོད་སྲོལ་འབྱེད་ཀྱི་སྙིང་སྟོབས་ཀྱི་གཤིས་ཀ་དང་སྐྱེ་སྟོབས་དཔལ་འབར་བའི་གཤིས་ཀ་རྒྱུན་འཁྱོངས་བྱས་ཡོད་པ་དང་། ཐོག་མཐའ་བར་གསུམ་དུ་གཞོན་ནུའི་འཕེལ་རྒྱས་དེ་ཏང་གི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩིས་ཤིང་། ན་གཞོན་དུས་རྒྱལ་ཁ་ཐོབ་ན་མ་འོངས་པར་རྒྱལ་ཁ་འཐོབ་ངེས་པ་ནན་བཤད་བྱས། ཐོག་མཐའ་བར་གསུམ་དུ་ཏང་གི་བྱ་གཞག་གི་དར་རྒུད་རྒྱལ་ཕམ་དང་འབྲེལ་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་གཞོན་ནུ་རྣམས་ལ་མཐོང་ཆེན་དང་ཐུགས་ཁུར་དང་གཅེས་སྐྱོང་བཅས་བྱས་ཡོད་པ་རེད། ད་ལོའི་ལྔ་བཞིའི་གོང་ལ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《དུས་ཡུན་རིང་འབྲིང་གི་གཞོན་ནུ་འཕེལ་རྒྱས་ཀྱི་འཆར་འགོད(2016---2025)》(གཤམ་དུ་《འཆར་འགོད་》ཅེས་པར་མིང་བསྡུས་ཡོད།)འགྲེམ་བསྒྲགས་བྱས།  དེ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་སྟེང་གི་ཐེངས་དང་པོའི་གཞོན་ནུའི་འཕེལ་རྒྱས་སྐོར་གྱི་འཆར་འགོད་ཡིན་ཞིང་། རང་རྒྱལ་གྱི་གཞོན་ནུ་འཕེལ་རྒྱས་ཀྱི་བྱ་གཞག་འཕེལ་རིམ་ཁྲོད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་ཡོད། 《འཆར་འགོད་》བཟོས་པ་དང་ལག་བསྟར་བྱས་པ་དེས།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཞོན་རབས་ལ་མཐོང་ཆེན་ཚད་མཐོ་དང་བྱམས་བརྩེའི་ཐུགས་ཁུར་གནང་བཞིན་པ་གང་ལེགས་མཚོན། 《འཆར་འགོད་》ལས་“གཞོན་ནུ་རྣམས་ལ་ཏང་གིས་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་ཚུལ་”གསལ་པོར་བཏོན་ཡོད་པ་དང་། དེ་ནི་གཞོན་ནུའི་སྐོར་གྱི་ཏང་གི་ལས་དོན་གྱི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་གལ་ཆེན་ཞིག་དང་། གཞོན་ནུ་འཕེལ་རྒྱས་ཀྱི་བྱ་གཞག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་བསྐྱོད་པའི་རྩ་བའི་འགན་སྲུང་ཡིན་ལ། རྒྱ་ཆེ་བའི་གཞོན་ནུ་རྣམས་ལ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཁྲོད་དུ་བྱས་རྗེས་འཇོག་པ་དང་འབད་འབུངས་བྱེད་པར་སྐུལ་སློང་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་རྒྱུན་འཛིན་བྱེད་མཁན་ཡོད་ཅིང་མུ་མཐུད་ནས་དར་རྒྱས་སུ་འགྲོ་བའི་འགན་སྲུང་བཅས་ཀྱི་ཐད་ལ་གཏིང་ཟབ་ཅིང་རྒྱུན་རིང་བའི་དོན་སྙིང་གལ་ཆེན་ལྡན་ཡོད།

གཅིག  ཏང་གིས་གཞོན་ནུ་དོ་དམ་བྱེད་པའི་རྩ་དོན་ནི་མར་ཁེ་སིའི་རིང་ལུགས་ཀྱི་གཞོན་ནུའི་ལྟ་བའི་ཕུམ་ཚོགས་དང་འཕེལ་རྒྱས་ཡིན།

མར་ཁེ་སིའི་རིང་ལུགས་ཀྱིས་ཁྱོན་ཡོངས་དང་རྩོད་སྒྲུབ་དང་འཕེལ་རྒྱས་ཀྱི་མིག་རྒྱང་གིས་ན་གཞོན་ལ་ངོས་འཛིན་དང་ལྟ་སྟངས་འཛིན་པ་རྒྱུན་འཁྱོངས་བྱས་ཡོད། མར་ཁེ་སིའི་རིང་ལུགས་དབུ་བརྙེས་པའི་ཐོག་མའི་དུས་སུ། དོ་ཁུར་བྱེད་པའི་མིག་མདངས་ན་གཞོན་དང་མ་འོངས་པར་གཏད་ཡོད་ཅིང་། གུང་ཁྲན་རིང་ལུགས་ལས་དོན་གྱི་མདུན་ལམ་དང་ལས་དབང་དེ་གཞོན་ནུ་ཚོའི་འཚར་ལོངས་དང་དམ་སྦྲེལ་བྱས་ཡོད། མར་ཁེ་སི་ཡིས་“ལོ་རྒྱུས་ནི་དུས་རབས་རིམ་བྱུང་གི་སྦྲེལ་མཐུད་ཡིན་པ་དང་།”“དུས་རབས་ཤིག་གི་སྙིང་སྟོབས་ནི་ན་གཞོན་འཐུས་ཚབ་པའི་སྙིང་སྟོབས་ཡིན་ལ། དུས་རབས་ཤིག་གི་གཤིས་ཀ་ནི་ན་གཞོན་འཐུས་ཚབ་ཡིན་པའི་གཤིས་ཀ་ཡིན་”ཞེས་བསྟན་མྱོང་། ལེ་ཉིན་གྱིས་འབྱོར་མེད་གྲལ་རིམ་གྱི་སྲིད་ཏང་དང་ན་གཞོན་བར་གྱི་འབྲེལ་བ་ཟབ་མོར་རྒྱས་བཤད་འདི་ལྟར་གནང་ཡོད་དེ། “ང་ཚོ་ནི་འབྱུང་འགྱུར་གྱི་ཏང་ཡིན་ཞིང་། འབྱུང་འགྱུར་ནི་ན་གཞོན་ལ་དབང་། ང་ཚོ་ནི་གསར་བརྗེ་པའི་ཏང་ཡིན་ཞིང་། ན་གཞོན་ནི་རྟག་པར་གསར་བརྗེ་པ་དང་མཉམ་དུ་འགྲོགས་པར་དགའ། ང་ཚོ་ནི་རྙིང་ཞིང་རུལ་སུངས་པའི་བྱ་དངོས་ལ་རང་དོན་རྒྱབ་སྐྱུར་གྱིས་འཐབ་རྩོད་བྱས་པའི་ཏང་ཡིན་ལ། ན་གཞོན་རྣམས་ནི་ཐོག་མར་རང་དོན་རྒྱབ་སྐྱུར་གྱིས་འཐབ་རྩོད་ནང་ཞུགས་མཁན་རེད། ”

ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ན་གཞོན་ནི་ལོ་རྒྱུས་འཕེལ་རྒྱས་དང་སྤྱི་ཚོགས་གོང་སྤེལ་གཏོང་བའི་སྟོབས་ཤུགས་གལ་ཆེན་དུ་ངོས་འཛིན་བྱས་ཡོད། བློ་མཐུན་མའོ་ཙེ་ཏུང་གིས་ན་གཞོན་ནི་ཞོགས་པ་ཆུ་ཚོད་བརྒྱད་དགུའི་ཐོག་གི་ཉི་མར་དཔེར་བཞག་ཡོད་པ་དང་། དེ་ནི་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཧྲིལ་པོའི་ཁྲོད་ཀྱི་ཧུར་སེམས་ཆེ་ཤོས་དང་སྐྱེ་སྟོབས་ལྡན་ཤོས་ཀྱི་སྟོབས་ཤུགས་ཀྱི་ཆ་ཤས་ཤིག་ཡིན་ཞིང་། རྒྱ་ཆེའི་ན་གཞོན་ཚོ་བཟོ་ཞིང་མང་ཚོགས་དང་ཟུང་འབྲེལ་བྱེད་པའི་བགྲོད་ལམ་དུ་བསྐྱོད་པར་འབོད་སྐུལ་བཏང་ཡོད། བློ་མཐུན་ཏེང་ཞའོ་ཕིན་གྱིས་བསྟན་དོན། གཞོན་ནུ་རྣམས་ཀྱི་འཚར་ལོངས་ནི་ཏག་ཏག་ང་ཚོའི་བྱ་གཞག་ཡར་རྒྱས་གོང་འཕེལ་འགྲོ་ངེས་ཡིན་པའི་རེ་བ་བཅོལ་ས་དེ་ཡིན། རྒྱ་ཆེའི་ན་གཞོན་རྣམས་ལ་ཕུགས་བསམ་ལྡན་ཞིང་ཡ་རབས་ཀྱི་གུས་སྤྱོད་མངའ་བ། རིག་གནས་ཡོད་ཅིང་སྒྲིག་སྲོལ་སྲུང་བའི་མི་རབས་གསར་པ་ཞིག་ཆགས་པར་སྐུལ་མར་གཏོང་དགོས་ཞེས་གསུངས།  བློ་མཐུན་ཅང་ཙེ་རྨིན་གྱིས་བསྟན་དོན། གཞོན་ནུ་དར་ན་རྒྱལ་ཁབ་དར། གཞོན་ནུར་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་ལྡན་ཡིན། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག མི་དམངས་དང་ཟུང་འབྲེལ་དམ་པོར་བྱས་ནས་མེས་རྒྱལ་གྱི་ཆེད་དུ་ལང་ཚོ་ཕུལ་དགོས་ཞེས་གསུངས། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་བསྟན་དོན། ན་གཞོན་ནི་ལོ་རྒྱུས་ཡར་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས་ན། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་དུས་རབས་དང་གོམ་པ་མཉམ་སྤོ་དང་།  མེས་རྒྱལ་གྱི་ལས་དབང་དང་མཉམ་འབྲེལ། མི་དམངས་ཀྱི་བདེ་སྡུག་དང་མཉམ་གནས་བྱེད་པར་འབད་འབུངས་བྱེད་དགོས་པའི་བླང་བྱ་བཏོན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་གཞོན་ནུའི་མི་རབས་འདི་ལ་མཐོང་ཆེན་ཚད་མཐོ་དང་བྱམས་བརྩེའི་ཐུགས་ཁུར་གནང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཡང་དང་བསྐྱར་དུ་ནན་བཤད་བྱས་དོན། གཞོན་ནུའི་མི་རབས་ལ་ཕུགས་བསམ་དང་འགན་འཁྲིའི་སྤོབས་པ་ལྡན་ཚེ། རྒྱལ་ཁབ་ལ་མདུན་ལམ་ཡོད་ཅིང་མི་རིགས་ལ་རེ་བ་མཆིས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་རྫོགས་མཐའ་མེད་པའི་སྟོབས་ཤུགས་ཆེན་པོ་ལྡན་དགོས་པས། རྒྱ་ཆེའི་གཞོན་ནུ་རྣམས་ལ་རྒྱང་རིང་གི་ཕུགས་འདུན་ལྡན་དགོས་ལ། སྤྱོད་ཡོན་གཉིས་ཀར་གཙིགས་ཆེན་བྱེད་པ། གནས་ལུགས་ལ་བརྩི་འཇོག་བྱེད་པ། གསར་སྤེལ་བྱེད་སྤོབས་པའི་སྙིང་སྟོབས་མངའ་བ་དང་། ལང་ཚོའི་རྦ་རླབས་ཁྲོད་མི་ཚེ་ཡི་ཕུགས་འདུན་འཚོལ་བ། འབད་འབུངས་བྱེད་པའི་ལང་ཚོ་ལ་བརྟེན་ནས་བྱ་གཞག་ལ་གྲུབ་འབྲས་ཐོབ་དགོས་པའི་བླང་བྱ་བཏོན། བློ་མཐུན་ཞི་ཅིན་ཕིང་གི་ཐད་ཀའི་ཐུགས་ཁུར་དང་མཛུབ་སྟོན་འོག  ཏང་དང་རྒྱལ་ཁབ་ཀྱིས་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་གི་ཐེངས་དང་པོའི་གཞོན་ནུ་འཕེལ་རྒྱས་སྐོར་གྱི་འཆར་འགོད་སྒྲིག་བཟོ་དང་ཁྱབ་བསྒྲགས་བྱས་པ་དང་། ཏང་གིས་གཞོན་ནུ་དོ་དམ་བྱེད་པའི་རྩ་དོན་གལ་ཆེན་གསལ་པོར་བཏོན་ཡོད། ཏང་གིས་གཞོན་ནུ་དོ་དམ་བྱེད་པའི་རྩ་དོན་ལ་ཕྱོགས་ཡོངས་དང་ཕུན་སུམ་ཚོགས་པའི་གོ་དོན་ལྡན་ཡོད་དེ། གཞོན་ནུའི་ལོ་རྒྱུས་ཀྱི་ནུས་པ་དང་ལྷག་པར་དུ་གཞོན་ནུའི་ཏང་གི་ལས་དོན་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་གལ་འགངས་ཆེ་བའི་རང་བཞིན་ལ་གདེང་འཇོག་བྱས་ཡོད་པ་མ་ཟད། ཏང་གིས་གཞོན་རབས་ལ་གནང་བའི་བྱམས་བརྩེའི་ཐུགས་ཁུར་དང་ཁ་ཞེ་གཉིས་མེད་ཀྱི་རེ་བ། གཟབ་ནན་གྱི་བླང་བྱ་བཅས་འདུས་ཡོད་ཅིང་། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་གཞོན་ནུའི་གཞི་རྩའི་ལྟ་བའི་ཕྱོགས་བསྡོམས་དང་ཀྲུང་གོའི་གཞོན་ནུ་ལས་འགུལ་གྱི་ལག་ལེན་ཉམས་མྱོང་གི་རྨང་གཞིའི་སྟེང་བཏོན་པའི་གཅིག་འདོམས་རང་བཞིན་གྱི་རྩ་དོན་གལ་ཆེན་ཞིག་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱི་གཞོན་ནུའི་ལྟ་བ་དང་དུས་བསྟུན་མདུན་སྐྱོད་དང་གོང་སྤེལ་བཏང་བའི་གྲུབ་འབྲས་གསར་པ་ཞིག་ཡིན་པས་ན། ཀྲུང་གོའི་གཞོན་ནུ་ལས་འགུལ་གྱི་ལག་ལེན་གསར་པའི་ཁྲོད་བདེན་ལུགས་ཀྱི་འགུག་ཤུགས་ཆེན་པོ་འདོན་ངེས་ཤིང་ལག་ལེན་གྱི་འབྲས་བུ་མང་པོ་ཐོབ་ངེས་ཡིན།

གཉིས། ཏང་གིས་ན་གཞོན་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་ནི་ང་ཚོའི་ཏང་གིས་རྒྱ་ཆེའི་གཞོན་ནུ་རྣམས་ཧུར་ཐག་གིས་གསར་བརྗེ་དང་འཛུགས་སྐྲུན། བསྒྱུར་བཅོས་རླབས་པོ་ཆེའི་ལག་ལེན་ཁྲོད་ཞུགས་པ་བཅས་ལ་འགོ་ཁྲིད་བྱེད་པའི་རྩ་བའི་ཉམས་མྱོང་ཡིན།

ང་ཚོའི་ཏང་དབུ་བརྙེས་པའི་ཉིན་དང་པོ་ནས་བཟུང་། ཐོག་མཐའ་བར་གསུམ་དུ་རྒྱ་ཆེའི་གཞོན་ནུའི་ཚབ་བྱེད་པ་དང་། རྒྱ་ཆེའི་གཞོན་ནུའི་ཡིད་ཆེས་ཐོབ་པ། རྒྱ་ཆེའི་གཞོན་ནུ་ལ་རྒྱབ་རྟེན་བྱེད་པ་བཅས་བྱས་ཡོད་ཅིང་། ཏང་ལ་ཐོབ་པའི་གྲུབ་འབྲས་ཐམས་ཅད་དུ་གཞོན་ནུ་རྣམས་ཀྱི་སྤྲོ་སེམས་དང་ལྷག་བསམ་རྣམ་དག་གིས་ཕུལ་བའི་ལེགས་སྐྱེས་འདུས་ཡོད། ཏང་གིས་གཞོན་ནུ་དོ་དམ་བྱེད་པའི་རྩ་དོན་གྱི་གཞི་རྩའི་ནང་དོན་དང་ལག་ལེན་གྱི་བླང་བྱ་ནི། ང་ཚོའི་ཏང་གིས་གནང་བའི་གསར་བརྗེ་དང་འཛུགས་སྐྲུན། བསྒྱུར་བཅོས་བཅས་ཀྱི་ལག་ལེན་རླབས་པོ་ཆེ་དག་གི་ཁྲོད་དུ་གནས་ཡོད་ཅིང་། དེ་ནི་ཏང་གིས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ཁྲོད་ཀྱི་འགན་འཁྲི་དང་ལས་འགན་ལེགས་སྒྲུབ་བྱ་ཆེད་གཟི་འོད་ལྡན་པའི་ལང་ཚོའི་སྟོབས་ཤུགས་གཅིག་སྡུད་བྱས་པ་ཞིག་རེད།

དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ། ང་ཚོའི་ཏང་གིས་ཕྲག་ཏུ་བབས་པའི་ལོ་རྒྱུས་ཀྱི་འགན་འཁྲི་ནི་“རི་བོ་ཆེན་པོ་གསུམ་”གྱི་མགོ་མཇུག་སློག་རྒྱུ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་སྲིད་དབང་གསར་པ་འཛུགས་རྒྱུ་དེ་རེད། ལོ་ངོ་28རིང་གི་དཀའ་བ་བརྒྱ་ཕྲག་གི་འཐབ་རྩོད་ཁྲོད། ང་ཚོའི་ཏང་གིས་གཞོན་ནུ་ལ་བརྩོན་ལེན་དང་སྐུལ་སློང་བྱེད་རྒྱུ་དེ་རང་སྟེང་གི་ལས་འགན་གལ་ཆེན་དུ་བཟུང་ནས། ན་གཞོན་གྱིས་སྤེལ་བསླངས་གནང་བའི་བཟོ་པའི་ལས་འགུལ་དང་ཞིང་པའི་ལས་འགུལ། སློབ་མའི་ལས་འགུལ་སོགས་འདུས་པའི་མང་ཚོགས་ཀྱི་འཐབ་རྩོད་སློང་བར་ལྷག་པར་གཙིགས་ཆེན་བཟུང་ནས། གསར་བརྗེའི་ཕུགས་བསམ་འཆང་བའི་གཞོན་ནུ་མང་པོ་ཞིག་ལ་རྩ་འཛུགས་དང་སྐུལ་སློང་བྱས་པ་དང་། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་གཏོང་བའི་འཐབ་རྩོད་རླབས་པོ་ཆེའི་ཁྲོད་དུ་གདོང་མཆོང་དཔུང་གཏོར་དང་ཁྲག་དྲོན་ས་ལ་ཟག་པར་བརྩོན་ལེན་བྱས་ཏེ། ཀྲུང་གོའི་གསར་བརྗེ་རྒྱལ་ཁ་ཐོབ་པར་སུབ་ཐབས་མེད་པའི་ལང་ཚོའི་བྱས་རྗེས་བཞག་ཡོད།

སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་དུས་སྐབས་སུ། ང་ཚོའི་ཏང་གིས་རྒྱལ་ཡོངས་ཀྱི་ན་གཞོན་རྣམས་ལ་“མེས་རྒྱལ་གྱི་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་པ་དང་། མེས་རྒྱལ་འཛུགས་སྐྲུན་གྱི་མདུན་གྲལ་དུ་ལངས་རྒྱུའི་”འབོད་སྐུལ་རླབས་ཆེན་བཏང་། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་ཏང་གི་འབོད་སྐུལ་ལ་ཧུར་ཐག་གིས་དང་ལེན་བྱས་ཏེ། ལང་ཚོ་མེས་རྒྱལ་ལ་འབུལ་བའི་སྐད་གསང་མཐོན་པོའི་འབོད་ཚིག་སྒྲོག་བཞིན། གཞོན་ནུ་འཕྲལ་རྒོལ་རུ་ཁག་དང་གཞོན་ནུ་གསར་སྦོལ་རུ་ཁག་བཅས་ཀྱི་རྩ་འཛུགས་ལ་བརྟེན་ནས། དཀའ་ངལ་ཆེ་ས་དང་མྱ་ངམ་ཐང་ཆེན་དུ་དམག་དྲངས་ཏེ་རྒྱལ་ཁབ་འཛུགས་སྐྲུན་གྱི་འཐབ་ཕྱོགས་སོ་སོའི་སྟེང་རང་དོན་རྒྱབ་སྐྱུར་གྱིས་ངལ་རྩོལ་དང་སྒེར་སེམས་མེད་པར་སྟོབས་ཤུགས་ཕུལ་ནས་ཀྲུང་གོ་གསར་པ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་ཆེད་སུབ་ཐབས་མེད་པའི་ལང་ཚོའི་བྱས་རྗེས་བཞག་ཡོད།

བསྒྱུར་བཅོས་སྒོ་འབྱེད་ཀྱི་དུས་སྐབས་གསར་པར། ང་ཚོའི་ཏང་གིས་གཞོན་ནུའི་མི་རབས་ལ་“དེང་རབས་ཅན་བཞི་རང་གི་འོས་འགན་དུ་བཟུང་ནས་གསར་བརྗེའི་ལས་དབང་མཉམ་འཁུར་བྱ་རྒྱུ་དང་ཀྲུང་ཧྭ་དར་རྒྱས་སུ་གཏོང་བའི་བྱ་གཞག་རླབས་པོ་ཆེའི་ནང་དུ་འབད་འཐབ་དང་ནར་སོན་བྱེད་པའི་”འབོད་ཚིག་བསྒྲགས། རྒྱ་ཆེའི་གཞོན་ནུ་ཚོ་དུས་རབས་ཀྱི་མདུན་གྲལ་དུ་ལངས་ནས། བསམ་ཕོད་པ་དང་སྒྲུབ་ཕོད་པ། གདོང་མཆོང་བྱེད་ཕོད་པའི་སྒོ་ནས་བསྒྱུར་བཅོས་ཀྱི་ལག་ལེན་ཁྲོད་ཧུར་ཐག་ཞུགས་ཏེ། གདེང་ཚོད་ཡོད་པའི་སྒོ་ནས་འཛམ་གླིང་ལ་ཁ་གཏད་ཅིང་། གསར་གཏོད་ཡར་བརྩོན་དང་བློ་རྩ་བརྟན་པོས་གསར་གཏོད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་འཛུགས་སྐྲུན་བྱེད་ཆེད་སུབ་ཐབས་མེད་པའི་ལང་ཚོའི་བྱས་རྗེས་བཞག་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཞོན་ནུའི་སྟོབས་ཤུགས་གསར་པའི་ནུས་པ་འདོན་སྤེལ་བྱེད་པར་མཐོང་ཆེན་ཚད་མཐོ་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་བྱས་དོན། “ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འབུངས་བྱེད་པ་ནི་ཀྲུང་གོའི་གཞོན་ནུ་ལས་འགུལ་གྱི་དུས་རབས་ཀྱི་བརྗོད་གཞི་ཡིན་”ཞེས་པ་དང་། དེང་རབས་ཀྱི་གཞོན་ནུའི་འཚར་ལོངས་དང་འཕེལ་རྒྱས་ལ་བླང་བྱ་གལ་ཆེན་བཏོན་པ་དང་རེ་བ་ཆེན་པོ་བཅོལ་ཡོད། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་རང་རྟོགས་སྒོས་འབོད་སྐུལ་དང་ལེན་དང་། ཡིད་ཆེས་དང་ཕུགས་བསམ་བརྟན་པོ་གཏོང་བ། ཉམས་སད་ཐེག་ཐུབ་པའི་ནུས་རྩལ་སློབ་པ། གསར་གཏོད་དང་གསར་སྐྲུན་བྱེད་སྤོབས་པ། དཀའ་སྤྱད་འབད་འཐབ་བྱེད་པ།  བླ་མེད་ཀྱི་གཤིས་རྒྱུད་རྩལ་ཏུ་བཏོན་ནས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལག་ལེན་ཁྲོད་གཟི་བརྗིད་གསར་པ་མུ་མཐུད་དུ་རྩོམ་དགོས།

ལག་ལེན་ལས་ར་སྤྲོད་བྱུང་བ་སྟེ། ཏང་གི་ལས་དོན་ནི་ན་གཞོན་དང་འབྲལ་ཐབས་མེད་པ་དང་། གཞོན་ནུའི་འཚར་ལོངས་ལའང་ཏང་དང་ཁ་འབྲལ་ཐབས་མེད། ཏང་གིས་ན་གཞོན་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་ནི་ང་ཚོའི་ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་ཀྱི་དཔའ་འབར་བར་ཁག་ཐེག་དང་། ཏང་གི་བྱ་གཞག་མུ་མཐུད་ནས་འབད་འབུངས་བྱེད་ཐུབ་པ་དང་མི་རབས་ནས་མི་རབས་བར་བརྒྱུད་ཐུབ་པ་ཁག་ཐེག་བྱེད་པའི་གནད་འགག་དེ་ཡིན་ལ། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱེད་པའི་ཕུལ་བྱུང་གི་སྲོལ་རྒྱུན་དང་ཆབ་སྲིད་ཀྱི་ལེགས་ཆ་དེ་ཡིན།

གསུམ། ཏང་གིས་ན་གཞོན་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དུས་རབས་ཀྱི་དགོས་མཁོ་ཡིན།

དེང་སྐབས་ཀྱི་འཛམ་གླིང་ནི་འཕོ་འགྱུར་གྱི་གོང་བུ་ཞིག་ཡིན། གོ་སྐབས་གསར་པ་དང་འགྲན་སློང་གསར་པ་རྫོགས་མཐའ་བྲལ།  རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་སྒྲིག་ལམ་ལེགས་སྒྲིག་གཏིང་ཟབ་བྱེད་པ་དང་། རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བསྡུར་བར་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད་ཅིང་། རྒྱལ་སྤྱིའི་ཐོག་གི་འགྲན་རྩོད་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད། ཕྱོགས་བསྡུས་རྒྱལ་སྟོབས་ཀྱི་འགྲན་བསྡུར་ནི་རྒྱུན་སྲིང་དམག་འཁྲུག་ཅིག་ཡིན་ཏེ། མིག་མདུན་ལ་བལྟ་དགོས་པ་མ་ཟད། རྒྱང་རིང་ལ་དེ་བས་ཀྱང་མཐོང་ཆེན་བྱེད་དགོས་པ་དང་། སྐུལ་ཤུགས་ན་གཞོན་ལ་གནས་ཤིང་། གཏིང་ཤུགས་གཞོན་ནུ་ལ་བཅོལ་ཡོད། མིག་སྔར། ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཕྱོགས་སུ་བསྐྱོད་བཞིན་ཡོད། གཟི་བརྗིད་ལྡན་པའི་འཕེལ་རིམ་འདིའི་ནང་དེང་རབས་ཀྱི་ཀྲུང་གོའི་གཞོན་ནུ་རྣམས་ཀྱི་ཕྲག་ཏུ་ཧ་ཅང་གལ་ཆེ་ཞིང་དམིགས་བསལ་གྱི་ལོ་རྒྱུས་འགན་འཁྲི་འཁུར་ཡོད། ཁོ་ཚོ་ནི་“ལོ་བརྒྱ་དང་པོའི་དམིགས་འབེན་”ལ་རྒྱལ་ཁ་ཐོབ་པའི་སྟོབས་ཤུགས་གསར་པ་ཡིན་ཞིང་། “ལོ་བརྒྱ་གཉིས་པའི་དམིགས་འབེན་”མངོན་འགྱུར་བྱེད་པའི་གཙོ་ཤུགས་དམག་ཡིན། དོན་སྙིང་ངེས་ཅན་ཞིག་གི་སྟེང་ནས་བཤད་ན། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གནད་འགག་ནི་མི་རབས་འདིའི་གཞོན་ནུ་རྣམས་ཀྱི་འགན་འཁྲི་འཁུར་སེམས་ལ་རག་ལས་ཡོད།

དགའ་འོས་པ་ཞིག་ལ། ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་དང་སྐུལ་འདེད་འོག རང་རྒྱལ་གྱི་གཞོན་ནུའི་འཕེལ་རྒྱས་ཀྱི་བྱ་གཞག་ལ་ཡར་ཐོན་དང་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་པ་རེད། དེང་རབས་ཀྱི་གཞོན་ནུ་ཚོས་སྙིང་ཁོང་རུས་པའི་གཏིང་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ལ་བརྩི་བཀུར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། གཞི་རྩའི་འཚོ་བའི་ཆ་རྐྱེན་ཟམ་ཆད་མེད་པར་ལེགས་སུ་གཏོང་བ་དང་། སློབ་གསོ་ཐོབ་པའི་ཆ་རྐྱེན་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། བསམ་པ་དང་རིག་གནས་ཀྱི་འཚོ་བ་ཉིན་རེ་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ། གསར་གཏོད་ཀྱི་ནུས་པ་དང་གསར་སྐྲུན་གྱི་གསོན་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་བཅས། མེས་རྒྱལ་ལ་དྲིན་ལན་འཇལ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ། སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བ་བཅས་ཀྱི་བརྒྱུད་རིམ་ནང་རང་ཉིད་འཚར་ལོངས་དང་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱུང་ཡོད། ཡང་ཅིག་བཤད་ན། དེང་རབས་ཀྱི་གཞོན་ནུའི་སྤྱི་ཡོངས་ཀྱི་འཕེལ་རྒྱས་ཀྱི་གནས་ཚུལ་རང་རྒྱལ་ལོ་རྒྱུས་ཀྱི་ཆེས་ལེགས་པའི་ཚད་དུ་སླེབས་ཡོད་ཅིང་། ཡིད་རྟོན་བྱེད་རུང་བ་དང་འགན་ལྕི་འཁུར་དུ་ལེན་པའི་མི་རབས་ཤིག་ཡིན།

དུས་མཚུངས་སུ། ང་ཚོས་རིག་པ་གསལ་པོའི་སྒོ་ནས་ཤེས་དགོས་པ་ཞིག་ལ། དེང་རབས་ཀྱི་གཞོན་ནུ་རྣམས་ཀྱི་འཚར་ལོངས་ལ་དཀའ་ཁག་དང་འགྲན་རྩོད་མི་ཉུང་བ་ཞིག་དང་འཕྲད་བཞིན་ཡོད་པ་དེ་རེད། ཁྱད་པར་དུ་དཔལ་འབྱོར་འཛམ་གླིང་ཅན་དང་། སྤྱི་ཚོགས་ཆ་འཕྲིན་ཅན། རིག་གནས་སྣ་མང་ཅན་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་བསྟུན་ནས། ན་གཞོན་རྣམས་ཀྱི་བསམ་པའི་འདུ་ཤེས་ལ་སྣ་མང་དང་འགྱུར་ལྡོག་སྐྱེན་པའི་ཁྱད་ཆོས་ལྡན་པའང་མངོན་གསལ་དོད་པོ་ཡིན་པས། གུང་ཁྲན་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱིས་ན་གཞོན་རྣམས་ལ་སྣེ་ཁྲིད་བྱེད་པ་དང་། ཀྲུང་གོའི་ཕུགས་འདུན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་ཐུན་མོང་གི་ངོས་ཟིན་གཅིག་སྒྲིལ་བྱེད་པའི་ལས་འགན་ནི་དེ་བས་གལ་འགངས་ཆེ། མི་འབོར་གྲུབ་ཚུལ་གྱི་འགྱུར་ལྡོག་གསར་པ་དང་ཁྱད་ཆོས་གསར་པ་དེས་གཞོན་ནུའི་མི་རབས་ཀྱི་ལས་ཀ་དང་འཚོ་བའི་གནོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་ཅིང་། བདེ་ཐང་དང་བཟའ་སྒྲིག ལས་ཞུགས། སྤྱི་ཚོགས་མཉམ་འདྲེས་དང་སྤྱི་ཚོགས་ཀྱི་ཐེ་ཞུགས། སྤྱི་ཚོགས་ཀྱི་འགན་སྲུང་སོགས་ཀྱི་ཐད་སྔར་བས་མང་བའི་ཐུགས་ཁུར་དང་རོགས་སྐྱོར་མཁོ། གནད་དོན་དང་འགྲན་སློང་དེ་དག་ལ་ཁ་གཏད་ཡག་པོ་འཇལ་ཐུབ་ཚེ། ད་གཟོད་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཆེས་མཇུག་མཐའི་གནས་མལ་ལ་སྟོབས་ལྡན་གྱི་གཏིང་ཤུགས་གསོག་ནས་འཐབ་ཇུས་ཀྱི་རང་དབང་གི་ནུས་པ་འཐོབ་ངེས་ཡིན།

ཏང་སྲིད་དམག་དམངས་སློབ་བཅས་དང་། ཤར་ལྷོ་ནུབ་བྱང་དབུས་ལྔ་ཀུན་གྱི་འགོ་ཁྲིད་བྱེད་མཁན་ནི་ཏང་ཉིད་ཡིན། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་ནི་གཞོན་ནུའི་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་། གཞོན་ནུ་སྔར་བས་ལེགས་པའི་འཚར་ལོངས་ཡོང་བར་སྐུལ་འདེད་བྱེད་པའི་གནད་འགག་ཡིན། ཏང་གིས་གཞོན་ནུ་ལ་དོ་དམ་བྱེད་པའི་རྩ་དོན་གསལ་པོར་བཏོན་པ་དེ་ནི་ང་ཚོའི་ཏང་གིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་དང་། དམིགས་བསལ་གྱི་ལོ་རྒྱུས་འགན་འཁྲི་ཕྲག་ཏུ་འཁུར་བའི་གཞོན་རབས་ལ་ཁ་གཏད་དེ་བཏོན་པའི་གསལ་བསྒྲགས་གལ་ཆེན་ཞིག་ཡིན་པས་ན། ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་གང་ཅིའི་ཐད་འགོ་ཁྲིད་བྱེད་པའི་ལྟེ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཤིང་། གོམ་གང་མདུན་སྤོས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་ནས་གཞོན་ནུའི་འཕེལ་རྒྱས་ལ་ལྟ་བ་དང་འཆར་འགོད་བྱེད་དགོས་ཏེ། དེང་རབས་ཀྱི་གཞོན་ནུ་རྣམས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱང་བསྐྱོད་གསར་པའི་ཁྲོད་དུས་རབས་ཀྱི་ལྕི་འགན་འཁུར་སྤོབས་པ་དང་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་གཏོད་བྱེད་པར་འབད་འབུངས་བྱེད་ཐུབ་དགོས།

བཞི། ཏང་གིས་ན་གཞོན་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་ནི་དུས་སྐབས་གསར་པའི་ཀྲུང་གོའི་གཞོན་ནུ་ལས་འགུལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཁོང་དུ་ཆུད་དགོས་པའི་གཞི་རྩའི་བརྩི་སྲུང་ཡིན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད་ཅིང་། རང་རྒྱལ་གྱི་འཕེལ་རྒྱས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་དུས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་7པའི་ཚེས་26ཉིན་གྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་སྔར་བས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བརྗིད་ཉམས་ཆེ་བའི་དཔེ་རིས་བཀོད་པ་དང་། ཀྲུང་གོའི་གཞོན་ནུ་ལས་འགུལ་གྱིས་ཀྱང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་དང་གོ་སྐབས་གསར་པ་བསུ་ཡོང་། འོས་འགན་སྔར་བས་གཟི་བརྗིད་ལྡན་ལ་འགན་འཁྲི་སྔར་བས་ཆེ་རུ་སོང་བ་དང་བསྟུན་ནས། ཏང་གིས་གཞོན་ནུ་ལ་དོ་དམ་བྱེད་པའི་རྩ་དོན་དེ་བས་རྒྱུན་འཁྱོངས་བྱེད་དགོས། དེ་ནི་ཀྲུང་གོའི་གཞོན་ནུ་ལས་འགུལ་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་དང་། རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་འགན་སྲུང་ཡིན་པས། ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བརྟན་པོ་བྱས་པ་མ་ཟད། དུས་རབས་དང་གནས་བབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ཟམ་མི་ཆད་པར་ཤུགས་སྣོན་བྱས་ཏེ། དུས་སྐབས་གསར་པའི་ཀྲུང་གོའི་གཞོན་ནུ་ལས་འགུལ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས།

ཏང་གིས་ན་གཞོན་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དེ་ནི། གཞོན་ནུའི་བསམ་བློ་ལ་སྣེ་ཁྲིད་པ་ལྟེ་བར་བཟུང་བ་དང་། ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་གཞོན་ནུ་རྣམས་ལ་དྲག་ཆས་སྤྲས་ཐུབ་པ་ཡོང་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དེ་ཡིན། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གིས་གཞོན་ནུ་འགུག་ཐུབ་པ་དེ་ནི་ཆེས་རྩ་བའི་ཆ་ནས་བསམ་བློའི་སྟེང་ནས་འགུག་ཐུབ་པ་དེ་རེད། ཁྱད་པར་དུ་དེང་སྐབས་སྣ་མང་ཅན་གྱི་སྤྱི་ཚོགས་སུ། གཞོན་ནུ་རྣམས་ཀྱི་བསམ་བློ་ལ་སྣེ་ཁྲིད་ཡག་པོ་བྱ་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་ཞིང་ཁ་ཚ་དགོས་གཏུགས་ཀྱི་དོན་དག་ཅིག་རེད། གཞོན་ནུ་རྣམས་ཀྱི་གྲས་སུ་གུང་ཁྲན་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་ལ་སློབ་སྦྱོང་བྱེད་པའི་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་མོར་སྤེལ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་གཉེར་བྱེད་པའི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ་དང་འཐབ་ཇུས་གསར་པ་བཅས་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་གཏིང་ཟབ་མོར་སྤེལ་ནས། གུང་ཁྲན་རིང་ལུགས་ནི་ན་གཞོན་རྣམས་ཀྱི་བློ་རྩ་བརྟན་པོའི་ཕུགས་བསམ་ཆེན་པོ་རུ་འགྱུར་བ་བྱེད་པ་དང་། ཀྲུང་གོའི་ཕུགས་འདུན་དེ་གཞོན་ནུ་རྣམས་ཀྱིས་ཐུན་མོང་ཐོག་དོན་གཉེར་བྱེད་པའི་འབད་འཐབ་དམིགས་འབེན་དུ་འགྱུར་བ་བྱེད་དགོས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་གཞོན་ནུ་རྣམས་ཀྱི་ལྷག་བསམ་རྣམ་དག་གི་སྒོ་ནས་སྲུང་སྐྱོང་བྱེད་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་འགྱུར་བ་བྱེད་དགོས་པ། གཞོན་ནུ་རྣམས་ལ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་སྙེག་པ་སྣེ་ཁྲིད་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་འཛུགས་སྐྲུན་མཁན་ཚད་ལྡན་ཞིག་དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་ཞིག་ཏུ་འཚར་ལོངས་ཡོང་བར་འབད་བརྩོན་བྱེད་དགོས།

ཏང་གིས་གཞོན་ནུ་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་ན། གཞོན་ནུའི་རྩ་འཛུགས་ལ་སྣེ་ཁྲིད་ཡག་པོ་བྱེད་རྒྱུ་ནི་འགག་རྩ་དང་། གང་ནུས་ཅི་ཐུབ་ཀྱིས་གཞོན་ནུའི་རྩ་འཛུགས་མང་དུ་བཙུགས་ཏེ་སྟོབས་གསར་དམག་དང་ཕྲལ་སྒྲུབ་རུ་ཁག་གི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས། ན་གཞོན་རྣམས་རྩ་འཛུགས་བྱེད་ཐུབ་པ་བྱུང་ན། ད་གཟོད་མི་མངོན་པའི་སྟོབས་ཤུགས་དེ་སྤྱི་ཚོགས་ཀྱི་ལོ་རྒྱུས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཆེའི་སྟོབས་ཤུགས་དངོས་སུ་བསྒྱུར་ཐུབ། མིག་སྔར། དཔལ་འབྱོར་སྤྱི་ཚོགས་འཕོ་འགྱུར་གཏིང་ཟབ་བྱུང་བ་དང་བསྟུན་ནས། གཞོན་ནུའི་ཚོགས་པ་མི་ཉུང་བ་ཞིག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་སོང་ནས་སྟོབས་ཆེའི་གསོན་ཤུགས་མངོན་ཡོད་ཅིང་། ཁྱབ་ཁོངས་ངེས་ཅན་ཞིག་གི་གཞོན་ནུའི་ཁྲོད་ཤུགས་རྐྱེན་ངེས་ཅན་ལྡན་ཡོད། དུས་བབ་གསར་པའི་མདུན་དུ། ཕྱོགས་གཅིག་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གཞོན་ནུའི་སྤྱི་ཚོགས་ཀྱི་རྩ་འཛུགས་དོ་དམ་དང་སྣེ་ཁྲིད་ཀྱི་ལས་ཀ་ཁྲིམས་སྐྱོང་ཅན་དུ་འགྱུར་བ་བྱེད་དགོས། ཕྱོགས་གཞན་ཞིག་ནས་ཏང་གི་མང་ཚོགས་ལས་དོན་གྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། གུང་གཞོན་ཚོགས་པ་དེ་ཏང་གི་ལས་རོགས་པ་དང་རྗེས་གྲབས་པ་ཡིན་པའི་ཆའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཤིང་། ཏང་གི་འགོ་ཁྲིད་འོག་གི་གུང་གཞོན་སྡེ་ཚོགས་གཙོ་བྱས་པའི་གཞོན་ནུའི་ཚོགས་པ་འཐུས་ཚང་དུ་གཏོང་རྒྱུ་དང་། རིགས་སོ་སོའི་གཞོན་ནུའི་ཚོགས་པ་ལ་བརྟེན་ནས་གཞོན་ནུ་རྣམས་ཀྱི་སྐྱེ་སྟོབས་སྐུལ་སྤེལ་གང་ལེགས་བྱེད་དགོས་པ་དང་། ཆབས་ཅིག་ཏུ་གཞོན་ནུའི་སྟོབས་ཤུགས་དེ་“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་འབད་འཐབ་བྱེད་པའི་སྟེང་གཅིག་བསྡུས་བྱེད་དགོས།

ཏང་གིས་ན་གཞོན་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་ན། གཞོན་ནུའི་སྲིད་ཇུས་ཀྱི་འགན་ལེན་ནན་གྱིས་བཟུང་ནས། ཏང་གི་ཐུགས་ཁུར་དང་དྲོད་ཁོལ་དངོས་འབྲེལ་གཞོན་ནུའི་གྲས་སུ་ཐོན་པ་བྱེད་པར་འགན་སྲུང་བྱེད་དགོས། རང་རེའི་ཏང་ནི་སྲིད་འཛིན་ཏང་ཡིན་པའི་ཆ་ནས། གཞོན་ནུའི་འཚར་ལོངས་ལ་ཐུགས་ཁུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་ནས། གསར་བརྗེའི་དམག་འཁྲུག་དུས་སྐབས་སུ་དོ་ཐབས་བྲལ་བའི་ཐོན་ཁུངས་ཀྱི་རྨང་གཞི་བརྟན་པོ་དང་སྟོབས་དང་ལྡན་པའི་ལམ་ལུགས་ཀྱི་འགན་སྲུང་ཡོད། ང་ཚོས་ངེས་པར་དུ་དགེ་མཚན་འདི་འདོན་སྤེལ་གང་ལེགས་བྱས་ཏེ་གཞོན་ནུ་རྣམས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས། 《འཆར་འགོད》ལས། མི་དམངས་ལྟེ་བ་བྱས་པའི་འཕེལ་རྒྱས་ཀྱི་བསམ་བློ་དོན་འཁྱོལ་མཐར་ཕྱིན་བྱས་ཡོད་ཅིང་། དེང་རབས་གཞོན་ནུ་ཡོངས་ཁྱབ་ཀྱི་དོ་ཁུར་ལ་བརྡ་ལན་གང་ལེགས་སློག་ཡོད་དང་། རིམ་གྱིས་གཞོན་ནུ་རྣམས་ཀྱི་དགོས་མཁོ་གཙོ་བོ་དང་ཁྱུ་ཚོགས་མི་འདྲ་བའི་གཞོན་ནུ་རྣམས་ལ་ལྟ་རྟོག་བྱེད་པ་བཅས་འདུ་བའི་གཞོན་ནུ་འཕེལ་རྒྱས་ཀྱི་སྲིད་ཇུས་མ་ལག་གྲུབ་ཡོད། 《འཆར་འགོད》ལག་བསྟར་ཡག་པོ་བྱེད་པ་ནི་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་ཡིན་ཏེ། ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག་དང་། ཏང་ཨུ་ཡིས་འགོ་ཁྲིད་བྱེད་རྒྱུ་འཐུས་ཚང་དུ་བཏང་ནས་ཤུགས་སྣོན་བྱེད་དགོས་ཤིང་། སྲིད་གཞུང་དང་ཚོགས་པའི་རྩ་འཛུགས། སྤྱི་ཚོགས་སོགས་ཕྱོགས་སོ་སོའི་མཐུན་སྦྱོར་བྱེད་པའི་བྱེད་ཐབས་ལ་བརྟེན་ནས། གཞོན་ནུའི་བྱ་གཞག་སྐོར་གྱི་ལས་ཀའི་ལམ་སྲོལ་ལ་སྤྱི་མཐུན་གྱིས་དོ་དམ་བྱེད་དགོས་པ་བཅས《འཆར་འགོད》ནང་བཏོན་པའི་གཞོན་ནུ་འཕེལ་རྒྱས་ཀྱི་སྲིད་ཇུས་རེ་རེ་བཞིན་ལག་ལེན་དོན་ཐོག་ཏུ་འཁྱོལ་བ་འགན་སྲུང་བྱས་ཏེ། གཞོན་ནུའི་ཚོགས་ལ་སྔར་ལས་མང་བའི་ཐོབ་སེམས་བསྐྱེད་དུ་བཅུག་སྟེ་སྔར་བས་རང་རྟོགས་ཡོད་པའི་སྒོ་ནས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་གཅིག་འདྲིལ་ཡོང་བར་བྱེད་དགོས་ཤིང་། ཏང་གིས་སྲིད་སྐྱོང་བར་གཞོན་ནུའི་ཚོགས་ཀྱི་རྨང་གཞི་ཟམ་མི་ཆད་པར་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་དགོས།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号