今天是:

གཞི་རིམ་ཏང་འཛུགས།

ཏང་ཡོན་དཔུང་ཁག་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > ཏང་ཡོན་དཔུང་ཁག་འཛུགས་སྐྲུན།

རོགས་སྐྱོར་ལས་ཁུངས་ཁུལ་ཨུ་རྩ་འཛུགས་པུའུ་ལ་ཕུལ་པའི་བཀའ་དྲིན་ཞུ་ཡིག

  ཟླ་བཅུ་བའི་ཚེས༩ཉིན། ཀན་ལྷོ་ཁུལ་ཨུ་རྩ་འཛུགས་པུའུ་རུ་མགྲོན་པོ་སྐོར་ཞིག་ཕེབས་བྱུང་། ཁོ་ཚོ་ནི་ཐེ་བོ་རྫོང་བང་ཚང་ཞང་གཡེར་སྒང་སྡེ་བའི་ཏང་ཀྲིའུ་པུ་ཧྲུའུ་ཅི་དགའ་སྐྱབས་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཡཱང་ཀྲི་ཆཱང་། སྡེ་དམངས་ཚན་ཆུང་གི་ཚན་གཙོ་འབྲུག་མོ་སྐྱབས། ཏང་ཡོན་རྒན་པ་ལིག་ཏན་དང་འཕགས་པ་བཅས་ཡིན་པ་དང་། ཁོ་ཚོས་ས་ལེ་དབར༣༠༠ལྷག་གི་དཀའ་སྡུག་ལ་མ་འཛེམ་པར་ལག་ཏུ་ཁ་བཏགས་དང་དར་ཆ། བཀའ་དྲིན་ཞུ་ཡིག་སོགས་བཟུང་ནས་སྡེ་བར་ལོ་ངོ་གཉིས་རིང་དུ་རོགས་སྐྱོར་ཚད་མེད་གནང་བའི་ཁུལ་ཨུ་རྩ་འཛུགས་པུའུ་ལ་ཆེད་དུ་བཀའ་དྲིན་ཞུ་རུ་ཡོང་བ་རེད།

རོགས་སྐྱོར་ལས་ཁུངས་ཁུལ་ཨུ་རྩ་འཛུགས་པུའུ་ལ་
ཕུལ་པའི་བཀའ་དྲིན་ཞུ་ཡིག

གུས་པའི་ཁུལ་ཨུ་རྩ་འཛུགས་པུའུ་ཡི་མགོ་ཁྲིད་དང་ལས་བྱེད་པ་ཡོངས་ཀྱི་སྤྱན་ལམ་དུ།

  ཁྱེད་རྣམ་པ་བདེ་མོ། ང་ཚོ་ནི་ཐེ་བོ་རྫོང་བང་ཚང་ཞང་གཡེར་སྒང་བྱ་བྱེད་ས་ཚིགས་ཀྱི་གཡེར་སྒང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྡེ་མི་དག་ཡིན། ང་ཚོ་ཕ་མེས་ཡང་མེས་རིང་ནས་བཟུང་ཞིང་ལས་ལ་བརྟེན་ནས་འཚོ་བ་རོལ་བ་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་ནས་རྗེས་ལུས་ཡིན་པས་ཐེ་བོ་རྫོང་གི་དབུལ་ཕོངས་སྡེ་བ་ཉེར་གཉིས་ཁྲོད་ཀྱི་གཅིག་ཡིན། ༢༠༡༥ལོའི་ཟླ༧པར། ཁུལ་ཨུ་རྩ་འཛུགས་པུའུ་ཡིས་ངེད་གཡེར་སྒང་སྡེ་བར་རོགས་སྐྱོར་བྱེད་པར་ཆ་སྒྲིག་པ་དང་། ཆེད་དུ་རྫོང་དཔོན་གཞོན་པ་རིམ་པའི་ལས་བྱེད་པ་གཡང་དཀར་རྒྱལ་མངགས་ཏེ་རོགས་སྐྱོར་རུ་ཁག་གི་རུ་གཙོ་དང་སྡེ་བའི་ཏང་ཀྲིའུ་པུའུ་ཡི་ཧྲུའུ་ཅི་དང་པོའི་འགན་བཞེས་ནས། ངེད་སྡེ་བ་རུ་བཅའ་སྡོད་བྱས་ཏེ་གནད་འཁེལ་དབུལ་སྐྱོར་གྱི་བྱ་བ་སྤེལ་བ་ཡིན། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཞི་ཆཱང་ལགས་སྔ་གཞུག་ཏུ་ཐེངས་གཉིས་ལ་ངེད་སྡེ་བར་ཕེབས་ནས་བྱ་བར་རྟོགས་དཔྱོད་ཞིབ་འཇུག་དང་མཛུབ་སྟོན་གནངས་པ་མ་ཟད། སྡེ་མི་དང་ལྷན་དུ་ཐོན་ལས་འཕེལ་རྒྱས་ཀྱི་རིག་ལམ་གཏན་ཁེལ་བྱེད་པར་ཡང་ཡང་ཞིབ་དཔྱོད་བྱས་ཏེ། ངེད་གཡེར་སྒང་སྡེ་བའི་གནད་འཁེལ་དབུལ་སྐྱོར་ལ་ཡང་དག་པའི་ཁ་ཕྱོགས་བསྟན། ཁུལ་ཨུའི་རྩ་འཛུགས་པུའུ་ཡི་རྒྱུན་ཨུའམ་པུའུ་ཀྲང་གཞོན་པ་ཧྲན་ཆིན་ཕྱུག་དང་པུའུ་དོན་ཨུ་ཡོན་ཝང་རའེ་ཧྥིན་ལགས་གཉིས་ཀྱང་སྔ་གཞུག་ཏུ་ངེད་སྡེ་བར་ཕེབས་ནས་ངེད་སྡེ་བའི་གཞི་རིམ་ཏང་འཛུགས་བྱ་བར་མཛུབ་སྟོན་དང་དབུལ་ཕོངས་ཁྱིམ་ཚང་ལ་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ་བ་དང་། རྩ་འཛུགས་ཀྱི་ཐུགས་ཁུར་དང་བྱམས་སེམས་དུས་ཐོག་ཏུ་འཚོ་བར་དཀའ་ཁག་ལྡན་པའི་མང་ཚོགས་ཀྱི་སེམས་གཏིང་དུ་བསྐྱལ། ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་ད་དུང་ཕུལ་བྱུང་ན་གཞོན་ལས་བྱེད་པ་རབ་དང་རིམ་པ་མངགས་ཏེ་ངེད་སྡེ་བ་རུ་བཅའ་སྡོད་བྱས་ཏེ་རོགས་སྐྱོར་བྱས་པ་དང་། རང་འགུལ་གྱིས་ཁོར་ཡུག་གཙང་སྦྲ་བྱས་པ་དང་། སྡེ་དམངས་ལ་རོགས་རམ་བྱས་ཏེ་ཀུ་ཤུ་སྡོང་བོ་འཛུགས་པ། ར་སྐོར་ཞིག་གསོ་བྱེད་པ་སོགས་བྱ་བ་མང་པོ་མང་པོ་བསྒྲུབས་ཡོད་པས། ངེད་སྡེ་བའི་སྡེ་མི་ཡོངས་ལ་མིག་དཔེ་བཙུགས་སྟེ་དཔེ་སྟོན་བྱས་ཡོད།  ལོ་གཉིས་ཀྱི་རིང་། ཉིན་རྒྱུན་གྱི་བྱ་བ་ཙག་ཙིག་ནས་སྡེ་བ་ཡོངས་ཀྱི་གཞི་རྩའི་སྒྲིག་ཆས་འཛུགས་སྐྲུན། དམངས་ཕྱུག་ཐོན་ལས་འཕེལ་རྒྱས། ཉམ་ཐག་གི་དཀའ་ངལ་སེལ་རོགས་བཅས་གླེང་མི་ཚར་བའི་བྱ་བ་མང་པོ་བསྒྲུབས་ཏེ། ངེད་སྡེ་བར་ཕྱོགས་གང་ཐད་ནས་རོགས་རམ་ཧ་ཅང་མང་པོ་བྱས་དང་བྱེད་བཞིན་ཡོད།   དེ་བས་ང་ཚོ་སྡེ་བའང་རིམ་བཞིན་དབུལ་ཐར་གྱི་ལམ་དུ་བསྐྱོད་བཞིན་ཡོད་ལ། སྡེ་བའི་རྣམ་པའང་སྔར་ལས་མཛེས་པ་དང་། སྡེ་བ་རིམ་པའི་ཐོན་ལས་ཐད་ནས་ཀྱང་རིམ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པས། ང་ཚོར་ཕྱུག་འགྱུར་བྱུང་སྟེ་འབྱོར་འབྲིང་སྤྱི་ཚོགས་སུ་སླེབ་པར་ཡིད་ཆེས་དང་ཆོད་སེམས་ཀྱིས་ཁེངས་ཡོད། ད་ལྟ་ཁྱེད་ཚོ་ངེད་གཡེར་སྒང་སྡེ་བ་དང་ཁ་བྲལ་ནས་ཡང་བསྐྱར་ཟབ་ཤོས་དབུལ་ཕོངས་སྡེ་བའི་གནད་འཁེལ་དབུལ་སྐྱོར་གྱི་ལས་འགན་འདེགས་བཞིན་ཡོད་པས། ང་ཚོའི་སེམས་སུ་མི་ལང་པ་མང་པོ་མང་པོ་ཞིག་མཆིས་མོད། དེ་རིང་ང་ཚོས་ཁྱེད་ཅག་གི་བཀའ་དྲིན་སེམས་ལ་བཅངས་ནས་འདི་ལྟར་ཞུ་འདོད་དེ། རང་རེའི་རྒྱལ་ཁབ་ལ་བཀའ་དྲིན་ཆེ། ཏང་གི་སྲིད་ཇུས་བཟང་པོ་ལ་བཀའ་དྲིན་ཆེ། ཁུལ་ཨུ་རྩ་འཛུགས་པུའུ་ཡིས་ངེད་གཡེར་སྒང་སྡེ་བར་ཕུལ་བའི་སེམས་ཤུགས་དང་རྔུལ་ཆུ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།

  ཁུལ་ཨུ་རྩ་འཛུགས་པུའུ་ཡིས་མི་སྣ་མངགས་ཏེ་སྡེ་བ་རུ་བཅའ་སྡོད་ལས་རེས་དང་རོགས་སྐྱོར་བྱེད་པ། རྟོགས་དཔྱོད་ཞིབ་འཇུག་བྱེད་པ་བརྒྱུད། བསམ་འཆར་བསྡུ་ལེན་རྒྱ་ཆེན་པོ་བྱས་ཏེ། ༼༦༨༣༽གནད་འཁེལ་དབུལ་སྐྱོར་འཆར་གཞི་གཏན་འབེབས་དང་ལག་བསྟར་བྱས་ནས། ས་མཐོའི་གསོ་སྤེལ། འབྲིང་རིམ་རི་སྐེད་འབྲུ་རིགས་དཔལ་འབྱོར་ལོ་ཏོག་འདེབས་འཛུགས་དང་། གྲོག་རོང་ཀུ་ཤུ་འདེབས་འཛུགས་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་རིག་ལམ་གཏན་འཁེལ་བྱས་ཏེ། ཁྱོན་ཡོངས་ནས་ལས་དོན་ཁག་ལ་སྐུལ་འདེད་བཏང་སྟེ། གཡེར་སྒང་སྡེ་བར་དགའ་འོས་པའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཁྱོན་ཡོངས་ནས་གཞི་རྩའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། མ་དངུལ་སྒོར་ཁྲི༡༢༨༨བཏང་ནས་གཡེར་སྒང་སྡེ་བའི་སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་སྡེ་བའི་འཛུགས་སྐྲུན་ལས་གཞི་བདེ་བླག་ངང་ལེགས་འགྲུབ་བྱུང་ཡོད་པ་དང་། གཡེར་སྒང་སྡེ་བའི་སྡོད་གནས་ཁོར་ཡུག་དང་སྡེ་བའི་རྣམ་པ་རྦད་དེ་ལེགས་བཅོས་སུ་བཏང་ཡོད། མ་དངུལ་སྒོར་ཁྲི༣༠༠ལྷག་བཏང་སྟེ་སྒྱེད་པུ་གུ་སྡེ་བའི་གནས་སྤོར་རྣམ་གྲངས་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་། སྡེ་བ་ཡོངས་རི་མཐོ་ཞིང་འགྲོ་ལམ་ཉེན་ཁ་ལྡན་པའི་རི་རྩེ་ནས་གནས་སྤོར་དེ་འགྲིམ་འགྲུལ་སྟབས་བདེ་ཡོད་པའི་རོང་སར་སྤར་ཡོད་པས་རྩ་བ་ནས་དབུལ་ཕོངས་གནད་དོན་ཐག་གཅོད་བྱས། མ་དངུལ་སྒོར་ཁྲི༡༠༠བཏང་སྟེ། གཡེར་སྒང་སྡེ་བའི་གཞུང་ལམ་ལེགས་བཅོས་དང་ཁོད་ཇེ་ཡངས་སུ་གཏོང་བའི་ལས་གཞི་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་ཡོད་པས། འདིའི་གཡེར་སྒང་སྡེ་བའི་རླངས་འཁོར་འགྲོ་སའི་གཞུང་ལམ་གྱི་དཀའ་ཁག་དང་མི་འགྲོ་སའི་རྐང་ལམ་གྱི་དཀའ་ཁག་རྦད་དེ་ཐག་གཅོད་བྱས་ཡོད་པ་མཚོན་ཡོད་ལ། ངེད་སྡེ་བའི་ཡོང་འབབ་ཇེ་མང་དང་ཕྱུག་འགྱུར་ཐད་ལ་ལམ་བུ་གསར་བ་ཞིག་བཏོད་ཡོད། སྔ་གཞུག་ཏུ་མ་དངུལ་སྒོར༣༠༠ལྷག་བཏང་ནས་གཡེ་སྒང་ཆུ་མགོའི་སྲུང་སྐྱོང་དང་ས་ཞིང་གསར་སྦོལ། སྒ་ཡུལ་ནང་སྡེ་བའི་གཞུང་ལམ་འཛུགས་སྐྲུན། སྔོ་ཁེབས་སླར་གསོ། ནས་ཞིང་རྟེན་གཞི་སོགས་རྣམ་གྲངས་བཅུ་གཅིག་ལྷག......... དབུལ་ཕོངས་ཀྱི་གྲོང་ཚོ་ཆུང་ཆུང་ཞིག་འདི་ལྟར་སྔ་གཞུག་ཏུ་མ་དངུལ་སྒོར་ཁྲི༢༠༠༠ལྷག་བཏང་ནས་དམངས་ཚིས་དང་འབྲེལ་བ་དམ་པོ་ཡོད་པའི་རྣམ་གྲངས་གལ་ཆེན་རབ་དང་རིམ་པ་ལེགས་འགྲུབ་བྱུང་བས་ངེད་གཡེར་སྒང་སྡེ་བའི་དབུལ་ཐར་ཕྱུག་འགྱུར་དང་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པའི་ཐད་ལ་  རྨང་གཞི་བརྟན་པོ་བཏང་ཡོད། ད་དུང་ལག་རྩལ་གསོ་སྦྱོང་དང་ཐོན་ལས་དངུལ་བུན། ས་མཐོ་གསོ་སྤེལ། རོགས་སྐྱོར་དངོས་ཟོག་གནང་སྦྱིན། སྡེ་བའི་སློབ་ཆུང་འཛུགས་སྐྲུན། དབུལ་ཕོངས་སློབ་མར་རོགས་སྐྱོར། དབང་བོ་སྐྱོན་ཅན་ལ་སྨན་རིན་དང་འཚོ་བར་ཁ་གསབ་སྦྱིན་པ་སོགས་མང་ཚོགས་ཀྱི་དཀའ་ཁག་དང་འཕྲལ་དོན་རེ་རེ་ཐག་གཅོད་བྱས་པས། རོགས་སྐྱོར་རུ་ཁག་དང་དཀའ་ཁག་ལྡན་པའི་མང་ཚོགས་ཀྱི་སེམས་པ་ནམ་ཡང་གཅིག་ཏུ་འདྲེས་ཡོད།

  གུས་པའི་ཁུལ་ཨུ་རྩ་འཛུགས་པུའུ་ཡི་མགོ་ཁྲིད་དང་བློ་མཐུན་རྣམ་པ་ལགས། ང་ཚོས་ཇི་ལྟར་བརྗོད་ཀྱང་ཁྱེད་རྣམ་པའི་བཀའ་དྲིན་དེ་ནམ་ཡང་བརྗོད་ཀྱི་མི་ལང་མོད། ང་ཚོ་གཡེར་སྒང་སྡེ་བའི་སྡེ་དམངས་ཡོངས་ཀྱིས་འདི་ནས་ཁྱེད་རྣམ་པར་དྲིན་གཟོ་བའི་ཆེད་དུ་གུས་ཕྱག་ཐེངས་ཤིག་ཕུལ་བ་ཡིན་ལ། ཁྱེད་རྣམ་པའི་སྐུ་དྲིན་ང་ཚོས་ནམ་ཡང་སེམས་ཀྱི་གཏིང་སར་བཞག་ནས་བསྐལ་བརྒྱའི་བར་དུ་མི་བརྗེད་པའི་སྨོན་ལམ་ཡང་ཡང་འདེབས་ཀྱིན་ཡོད།

གཡེར་སྒང་སྡེ་བའི་སྡེ་མི་ཡོངས་ནས་ཟླ་ཚེས་བཟང་པོར་གུས་ཕུལ།
2017ལོའི་ཟླ10བར།
















©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号